ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་གནས་སྐབས་ཨུ་ཡོན་ལྷན་ཁང་གཉིས་ཡ་ཏི་ལིས་གྲོས་མཐུན་གྱི་དམག་དོན་ཆིངས་ཡིག་ལག་བསྟར་བྱེད་པར་འཐད་པ་བྱུང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་གནས་སྐབས་ཨུ་ཡོན་ལྷན་ཁང་གཉིས་ཚེས་བཅུ་ཉིན་ཕྱོགས་གཉིས་ཀྱིས་དེའི་སྔོན་བཀོད་པའི་ཡ་ཏི་ལིས་གྲོས་མཐུན་ཁྲོད་ཀྱི་དམག་དོན་དང་བདེ་འཇགས་ཆིངས་ཡིག་ལག་བསྟར་བྱེད་པར་འཐད་པ་བྱུང་ནས། ཡེ་མིན་མཉམ་འབྲེལ་སྲིད་གཞུང་འཛུགས་པར་བར་ཆད་མེད་པར་བྱས།

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མཐོ་རིམ་དཔོན་པོ་ཚེས་བཅུ་ཉིན་ཡེ་མིན་ལྷོ་རྒྱུད་ཀྱི་ཨུ་པིས་དབྱང་ཞིང་ཆེན་དུ་སོང་ནས། ཡེ་མིན་སྲིད་གཞུང་དང་ལྷོ་ཕྱོགས་གནས་སྐབས་ཨུ་ཡོན་ལྷན་ཁང་གི་དམག་དོན་དཔོན་པོ་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་དམག་དཔུང་ཨ་པིས་དབྱང་ཞིང་ཆེན་གྱི་འཁྲུག་རྩོད་ཁུལ་ནས་ཕྱིར་འཐེན་བྱེད་པ་མ་ཟད་ཡང་བསྐྱར་བཀོད་སྒྲིག་བྱེད་པའི་བྱ་བར་མཐུན་སྦྱོར་བྱས། གྲོས་མོལ་གྱི་གྲུབ་འབྲས་ལྟར། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་དཔོན་པོས་ཕྱོགས་གཉིས་ཀྱིས་དམག་དཔུང་ལ་ཡང་བསྐྱར་བཀོད་སྒྲིག་བྱེད་པར་ལྟ་སྐུལ་བྱེད་རྒྱུ་རེད་ཟེར།

ཨ་པིས་དབྱང་ཞིང་ཆེན་དུ་སྡོད་པའི་སྲིད་གཞུང་དམག་གི་མགྲིན་ཚབ་པ་ཨ་མེན.ཧོའུ་སའེ་ཡིན་གྱིས་ཞིན་ཧྭ་གསར་འགྱུར་ཁང་ལ། སྲིད་གཞུང་གི་དམག་དཔུང་མཚོ་འགྲམ་གྲོང་ཁྱེར་ཧྲུའུ་ཀི་ལཱ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་བདེན་དཔང་བྱས། ལྷོ་ཕྱོགས་གནས་སྐབས་ཨུ་ཡོན་ལྷན་ཁང་གི་དམག་དཔུང་ཡ་ཏིང་ནས་ཕྱིར་འཐེན་བྱེད་རྒྱུ་རེད།

ཡེ་མིན་སྲིད་གཞུང་གི་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དབང་ཆ་ལོངས་སྤྱོད་བྱེད་པའི་སྲིད་གཞུང་གསར་བའི་མིང་ཐོ་ཡོངས་འགྲུབ་བྱས་ཟིན་པ་དང་། དམག་དཔུང་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་དྲག་ཆས་འཁྲུག་རྩོད་མཇུག་རྗོགས་རྗེས་དངོས་སུ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཟེར།

དེ་ལས་གཞན་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གིས་ཚེས་བཅུ་ཉིན་ནས་བཟུང་ལྷོ་ཕྱོགས་གནས་སྐབས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་དྲག་ཆས་སྟོབས་ཤུགས་ཡཱ་ཏིང་སོགས་ས་ཁུལ་མང་པོ་ནས་ཕྱིར་འཐེན་བྱེད་པར་ལྟ་སྐུལ་བྱེད་རྒྱུ་ཡིན་པ་མ་ཟད། ཡེ་མིན་བདེ་འཇགས་སྡེ་ཁག་གིས་གཏན་འཇགས་སྲུང་སྐྱོབ་བྱེད་པ་དང་ཐལ་སྤྱོད་རྩ་འཛུགས་ལ་རྡུང་རྡེག་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་རེད། ཡེ་མིན་མཉམ་འབྲེལ་སྲིད་གཞུང་གི་མིང་ཐོ་དམག་དཔུང་ཕྱིར་འཐེན་རྗེས་ཀྱི་གཟའ་འཁོར་གཅིག་ནང་ཁྱབ་བསྒྲགས་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།