དབྱི་ལང་གིས་ཨ་མེ་རི་ཁས་རིམས་འགོག་སྨན་ཁབ་ཐོབ་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད་ཟེར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་ཙུང་ཐུང་ཧ་སང·ལུའུ་ཧ་ཉི་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་བཀའ་རྒྱས་དབྱི་ལང་ལ་པྲོག་གསར་གློ་ཚད་ལ་མཁོ་ངེས་ཀྱི་སྨན་རྫས་དང་དངོས་རྫས། འགོག་སྨན་བཅས་ཐོབ་དཀའ་བར་བཏང་ཡོད་ཟེར།

དབྱི་ལང་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲིན་གཏོང་ཁང་གིས་ཙུང་ཐུང་ལུའུ་ཧ་ཉི་ཡི་སྐད་ཆ་དྲངས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ཕྱི་རྒྱལ་ནས་རིམས་འགོག་སྨན་ཁབ་ཉོ་བར་འབད་དེ། ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་ལག་ཏུ་གང་མགྱོགས་སྒོས་ཐོབ་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

ཐི་ལང་ཕུའུ་ཡིས་སྣེ་ཁྲིད་པའི་ཨ་མེ་རི་ཁ་སྲིད་གཞུང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་པར་ཕྱོགས་རྐྱང་པའི་ངོས་ནས། དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཁྱོན་ཡོངས་གྲོས་མཐུན་ཁྲོད་ནས་ཕྱིར་འབུད་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། དེའི་རྗེས་དབྱི་ལང་ལ་ཚད་ལས་བརྒལ་བའི་གནོན་ཤུགས་སྤྲད་དེ། བཀག་སྡོམ་ནན་མོ་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་སྤྱད།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལང་གི་མི་གྲངས་བྱེ་བ་བརྒྱད་ལྷག་ཙམ་གྱིས་རིམས་འགོག་སྨན་ཁབ་བྱེ་བ་གཉིས་ལྷག་ཉོ་རྩིས་ཡོད་ཟེར། ཨ་མེ་རི་ཁ་ཕྱོགས་ཀྱིས་སྨན་རྫས་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་ཅི་རིགས་བཀག་སྡོམ་བྱེད་པའི་ཁྱབ་ཁོངས་སུ་མེད་ཅེས་བཤད་ནའང་། བཀག་སྡོམ་བཀའ་རྒྱ་ནན་མོ་དེས་དངུལ་རྩའི་སྒྲིག་གཞི་དང་ཁེ་ལས་ལ་སྔར་བཞིན་ཨ་མེ་རི་ཁ་ཕྱོགས་ཀྱི་ཆད་གཅོད་ཐེབས་རྒྱུ་ཡིན་པའི་སེམས་ཁྲལ་བྱེད་ཀྱིན་འདུག་ཟེར།

དབྱི་ལང་ལ་ཁྱོན་བསྡོམས་པས་པྲོག་གསར་གློ་ཚད་འགོས་པའི་ནད་པ་ས་ཡ་གཅིག་ལས་བརྒལ་ཡོད་ཅིང་། རགས་རྩིས་བྱས་ན་པྲོག་དབྱིབས་ནད་དུག་འགོས་ནས་ཤི་བའི་ནད་པ་ཁྲི་ལྔ་ལས་བརྒལ། དབྱི་ལང་ཕྱོགས་ཀྱིས་རྒྱལ་ཁབ་རང་ངོས་ནས་རིམས་འགོག་སྨན་ཁབ་བཟོ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།