ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བའི་གྲོས་མོལ་ལ་ཕན་ཡོད་ཁོར་ཡུག་བསྐྲུན་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས10ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་ཀྲུང་གོའི་འཐུས་ཚབ་གཞོན་པ་ཀིན་ཧྲོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྟེང་ཨ་ཧྥུའུ་ཧན་གནད་དོན་ལ་གྲོས་ཞིབ་བྱེད་པའི་གྲོས་ཚོགས་ཐོག་གཏམ་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བའི་གྲོས་མོལ་ལ་ཕན་ཡོད་ཁོར་ཡུག་གསར་སྐྲུན་བྱེད་པ་དང་དེའི་བདེ་འཇགས་ཁོར་ཡུག་ལེགས་བཅོས་བྱེད་པར་རོགས་རམ་བྱེད་དགོས་པའི་རེ་འབོད་བཏོན།

ཁོས་བཤད་དོན། ད་ལོའི་ཟླ་དགུ་བར་ཐོག་དང་བོར་ཨ་ཧྥུའུ་ཧན་གྱི་ནང་ཁུལ་གྲོས་མོལ་འགོ་བརྩམས་ཏེ། ལོ་མང་པོའི་གདོང་གཏུག་དམག་འཁྲུག་མཇུག་རྫོགས་པར་གོ་སྐབས་བཟང་བོ་ཞིག་བསྐྲུན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱིས་མིག་སྔར་གྲོས་མོལ་ཚད་གཞི་ལ་ལྟ་ཚུལ་གཅིག་མཐུན་བྱུང་བར་དགའ་བསུ་ཞུ་བ་དང་། ཕྱོགས་གཉིས་ཀྱིས་གནས་བབ་བཟང་བོ་སྲ་བརྟན་དུ་གཏོང་བ་དང་མུ་མཐུད་དུ་ཧུར་ཐག་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པ་མངོན་པར་བྱས་ནས། ཆབ་སྲིད་ཐད་ནས་ཨ་ཧྥུའུ་ཧན་གནད་དོན་ཐག་གཅོད་པའི་ནུས་ལྡན་ཇུས་གཞི་སྔ་མོ་ནས་རྙེད་པར་བརྩོན་ལེན་བྱེད་དགོས་ཟེར།

ཁོས་བཤད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་རྒྱལ་ཁབ་ཀྱི་བདེ་འཇགས་དམག་དཔུང་གི་ནུས་པའི་འཛུགས་སྐྲུན་ཐད་ལ་གསོ་སྐྱོང་དང་མ་དངུལ་དང་ལག་རྩལ་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་པ་དང་། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ནུས་ལྡན་སྒོས་འཇིགས་སྐུལ་རིང་ལུགས་དང་རྒྱལ་ཁོངས་བརྒལ་བའི་ཉེས་ཅན་དང་དུག་རྫས་ལྐོག་འཚོང་སོགས་ཀྱི་འཇིགས་སྣང་ལ་ཁ་གཏད་འཇལ་བར་རོགས་རམ་བྱེད་དགོས། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཐབས་ལམ་མང་པོ་བརྒྱུད་དེ་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་འཇིགས་སྐུལ་པར་ངོ་རྒོལ་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པར་རོགས་རམ་བྱེད་ཀྱིན་ཡོད་པ་དང་། ཨ་ཧྥུའུ་ཧན་གྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

ཁོས་བཤད་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་སྔ་མོ་ནས་པྲོག་གསར་གློ་ཚད་རིམས་ནད་མཆེད་པར་ཚོད་འཛིན་བྱེད་པར་རོགས་རམ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྔར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།