ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་གིས་ཨར་མེ་ནེ་ཡ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ན་ཁ་ས་ཁུལ་གྱི་མི་ཆོས་རིང་ལུགས་དང་ལེན་ལྟེ་གནས་ཀྱི་བྱ་བའི་ཁྲོད་ཞུགས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བདུན་ཉིན་བསྟན་དོན།  ཨར་མེ་ནེ་ཡ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ཨུ་རུ་སུ་ཕྱོགས་ཀྱིས་ན་ཀི་ཨར་ནོའུ་ཁ་ལ་པ་ཧི་ས་ཁུལ་དུ་བཙུགས་པའི་སྡེ་ཁག་བརྒལ་བའི་མི་ཆོས་རིང་ལུགས་དང་ལེན་ལྟེ་གནས་ཀྱི་བྱ་བའི་ཁྲོད་ཞུགས་རྒྱུའི་གྲོས་གཞི་བཏོན་ཡོད་ཟེར།

ཨུ་རུ་སུ་ཕྱོགས་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན།  ལཱ་ཧྥུའུ་ལོ་ཧྥུའུ་ཉིན་དེར་ཨར་མེ་ནེ་ཡའི་ཕྱི་འབྲེལ་དཔོན་པོ་ཨེ་ཝ་ཅང་དང་མཉམ་དུ་མའོ་སི་ཁོ་ནས་བསྡུས་པའི་གྲོས་མོལ་ལ་ཞུགས།   ལ་ཧྥུའུ་ལོ་ཧྥུའུ་ཡིས་གྲོས་མོལ་རྗེས་སུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར།  ཕྱོགས་གཉིས་ཀྱིས་སྡེ་ཁག་བརྒལ་བའི་མི་ཆོས་རིང་ལུགས་དང་ལེན་ལྟེ་གནས་ཀྱི་ལས་དོན་བཀོད་སྒྲིག་ཐད་ནས་གྲོས་བསྡུར་བྱས་ཟེར།  ཨུ་རུ་སུ་ཕྱོགས་ཀྱིས་ལྟེ་གནས་དེ་རྒྱལ་སྤྱི་ཅན་དུ་བསྒྱུར་བའི་གྲོས་གཞི་བཏོན་པར་མ་ཟད།  ཨར་མེ་ནེ་ཡ་དང་ཨ་སེ་པེད་ཅང་རྒྱལ་ཁབ་གཉིས་ལྟེ་གནས་དེའི་བྱ་བའི་ཁྲོད་ཞུགས་པའི་གྲོས་གཞི་བཏོན།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར།  མིག་སྔར།   ན་ཁ་ས་ཁུལ་གྱི་འཁྲུག་རྩོད་མཚམས་བཞག་སྟེ་ཟླ་གཅིག་ལྷག་འགོར་ཡོད་པ་དང་།  ཡུལ་གྱར་བ་དག་ཕྱིར་རང་ཡུལ་དུ་ལོག་བཞིན་ཡོད་ལ། ང་ཚོ་དེར་ཡིད་ཚིམས་ཡོད།   འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་བེམ་པོ་དང་བཟུང་དམག་བརྗེ་རེས་བྱེད་པ་དང་།  གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་འཚོལ་ཞིབ་བྱེད་པའི་ཐད་ལ་འཕེལ་རྒྱས་བྱུང་ཡོད།   ཨུ་རུ་སུ་ཕྱོགས་ཀྱིས་དགོས་གཏུག་གི་མི་ཆོས་རིང་ལུགས་ཀྱི་གནད་དོན་འདི་དག་མགྱོགས་མྱུར་ཐག་གཅོད་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཨེ་ཝ་ཅང་གིས་བསྟན་དོན།  མི་ཆོས་རིང་ལུགས་གནད་དོན་ཐད་ཀྱི་ལས་འགན་དང་པོ་ནི་མགྱོགས་མྱུར་དང་ཆ་རྐྱེན་མེད་པའི་སྒོ་ནས་བཟུང་དམག་དང་བཙོན་མ།  རྐྱེན་ལམ་དུ་ཤོར་བའི་མི་སྣའི་བེམ་པོ་བརྗེ་རེས་བྱེད་རྒྱུ་དེ་ཡིན།  ཨར་མེ་ནེ་ཡ་ཕྱོགས་ཀྱིས་འདྲ་མཉམ་ཀྱི་རྩ་དོན་གཞི་བཟུང་ནས་ཕྱོགས་གཉིས་ཀྱི་བརྗེ་རེས་ཚང་མ་ཡོངས་འགྲུབ་བྱེད་འདོད་ཡོད་ཟེར།

བསྒྲགས་པ་ལྟར་ན།  ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་བཀའ་རྒྱར་མི་རྟགས་བཀོད་དེ་མི་ཆོས་རིང་ལུགས་ཀྱི་དང་ལེན་ལྟེ་གནས་བཙུགས་པ་དང་།  ལྟེ་གནས་དེ་ཟླ་བཅུ་གཅིག་པའི་ཚེས་ཉི་ཤུ་ཉིན་དངོས་སུ་ན་ཁ་ས་ཁུལ་དུ་འཁོར་སྐྱོད་བྱས་པ་དང་།  གཙོ་བོ་ན་ཁ་ས་ཁུལ་གྱི་ཞི་བདེའི་འཚོ་བ་སླར་གསོ་བྱེད་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལས་དོན་གྱི་འགན་ཁུར་ཡོད་ལ།  དེའི་ནང་ཡུལ་གྱར་བ་ཕྱིར་རང་ཡུལ་དུ་ལོག་པར་རོགས་སྐྱོར་བྱེད་པ་དང་།   དམངས་བཀོལ་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ་སོགས་འདུས་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།