ཀྲུང་གོ་བོད་ཀྱི་དྲ་བ།

ཏེན་མག་གིས་ཉིས་སྟོང་ལྔ་བཅུ་ལོར་པེ་ཧའེ་རྒྱ་མཚོའི་སྣུམ་རླངས་སྔོག་འདོན་བྱེད་མཚམས་འཇོག་རྒྱུའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཏེན་མག་གིས་ཉིས་སྟོང་ལྔ་བཅུ་ལོར་ཁྱོན་ཡོངས་ནས་པེ་ཧའེ་ཡི་རྡོ་སྣུམ་དང་རང་བྱུང་སོལ་རླངས་རྩད་གཅོད་དང་སྔོག་འདོན་བྱ་འགུལ་ཁྱོན་ཡོངས་ནས་མཚམས་འཇོག་རྒྱུའི་འཆར་འགོད་བཟོས་ཏེ། ནུས་ཁུངས་ཚུལ་བསྒྱུར་ཇུས་གཞིའི་གྲུབ་ཆར་བརྩི་རྒྱུ་རེད།

ཏེན་མག་ནུས་ཁུངས་པུའུ་ཡིས་ཚེས་བཞི་ཉིན་གསལ་བསྒྲགས་ཞིག་གི་ནང་གོང་གསལ་གྱི་གཏན་ཁེལ་ཁྱབ་བསྒྲགས་བྱས་པ་དང་། དེས་ཏེན་མག་གིས་སྔོན་དུ་དྲིལ་སྒྲོག་བྱས་པའི་པེ་ཧའེ་རྒྱ་མཚོའི་སྣུམ་རླངས་རྩད་གཅོད་འགྲན་བསྡུར་འཆར་གཞི་མེད་པར་བཟོས་པ་མཚོན་ཡོད།

དབྱིན་ཇིའི་རྡོ་སྣུམ་ཀུང་ཟིའི་གཞི་གྲངས་ལྟར་ན། དབྱིན་ཇི་ད་ལོའི་ཟླ་དང་པོར་ཡོ་རོབ་གླིང་མནའ་འབྲེལ་ནས་ཕྱིར་བུད་རྗེས། ཏེན་མག་ནི་ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་སྣུམ་ཐོན་རྒྱལ་ཁབ་ཆེས་ཆེ་བ་ཡིན་པ་དང་། ཉིན་རེའི་ཆ་སྙོམས་ཀྱི་ཐོན་ཚད་ཧ་ལམ་སྣུམ་ཟོ་འབུམ་གཅིག་ཙམ་ཡིན། དབྱིན་ཇིའི་ཉིན་རེའི་སྣུམ་ཐོན་ཚད་ཧ་ལམ་སྣུམ་ཟོ་ས་ཡ་གཅིག་ལ་སླེབས།

ཏེན་མག་གི་སྣུམ་ཐོན་ཚད་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེའི་ཉིན་རེའི་ཆ་སྙོམས་ཀྱི་སྣུམ་ཟོ་བརྒྱ་དང་བཞི་བཅུ་ལས་ཉུང་བ་དང་། ནོར་ཝེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མིན།

ཏེན་མག་ནུས་ཁུངས་པུའུ་ཡིས་བསྟན་དོན། ཏེན་མག་གིས་ཉེ་བའི་ལོ་འགའི་རིང་ལ་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཚད་ཇེ་དམའ་རུ་བཏང་བ་དང་། རྗེས་ཕྱོགས་ཀྱི་ལོ་བཅུའི་ནང་དྲོད་ཁང་གི་བཙོག་བཟོས་མཁའ་དབུགས་ཕྱིར་འདོན་ཚད་བརྒྱ་ཆའི་བདུན་ཅུ་རུ་ཇེ་ཉུང་དུ་གཏོང་རྒྱུའི་རེ་བ་བཅངས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།