ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས་གསུམ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་བསལ་གྲོས་ཚོགས་སྟེང་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་གྲོས་ཚོགས་ཚེས་གསུམ་ནས་ཚེས་བཞི་ཉིན་བར་བསྡུས་པ་དང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐེངས་དང་པོར་རིམས་ནད་ཆེན་པོར་དམིགས་ནས་བསྡུས་པའི་དམིགས་བསལ་གྲོས་ཚོགས་ཡིན། ཀུའུ་ཐི་ལེ་སི་ཡིས་ཤིས་ཚིག་ཁྲོད་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་དང་ཕན་ཚུན་རྒྱབ་སྐྱོར། མཐུན་སྦྱོར་འགུལ་སྤྱོད་སྤེལ་ཏེ་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། རིམས་ནད་ཁྲོད་ནས་སླར་གསོ་བྱེད་དགོས་ན། ངེས་པར་དུ་རིམས་ནད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། སྤྱི་བའི་འཕྲོད་བསྟེན་མ་ལག་ཇེ་དྲག་ཏུ་གཏོང་བ། དམངས་ཡོངས་ཀྱི་སྨན་བཅོས་དང་སྤྱི་ཚོགས་འགན་སྲུང་མངོན་འགྱུར་བྱེད་པ་སོགས་བྱེད་དགོས། དངུལ་གཏོང་གསར་པས་ངེས་པར་དུ་རྒྱུན་མཐུད་འཕེལ་རྒྱས་དང་ཐཱན་སྙོམས་ལ་དམིགས་དགོས། ཁོས་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ལོ་རེ་ལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མེ་སྒོར་ཁྲག་ཁྲིག་གཅིག་འདོན་སྤྲོད་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་དམ་བཅའ་བརྩི་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་སྐབས་དོན་ལྔ་བའི་ཀྲུའུ་ཞི་པའོ་ཚི་ཁི་ཨར་གྱིས་ཤིས་ཚིག་ཁྲོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རིམས་འགོག་ཁྲོད་ཀྱི་མགོ་ཁྲིད་ནུས་པར་ཤུགས་བསྣན་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་བགོ་འགྲེམ་འདྲ་མཉམ་དྲང་གཞག་ཡོང་དགོས་པ། ཉམས་ཞན་རྒྱལ་ཁབ་ལ་མ་དངུལ་འདོན་སྤྲོད་བྱས་ཏེ་བུ་ལོན་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། སྤྱི་ཚོགས་དང་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་དམིགས་བསལ་གྲོས་ཚོགས་ལ་མགོ་རྩོམ་པ་དང་མཇུག་བསྡུ་བ། སྤྱིར་བཏང་རང་བཞིན་གྱི་གྲོས་བསྡུར་བཅས་རིམ་པ་གསུམ་ཡོད་པ་དང་། རྒྱལ་ཁབ་གྱི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོ་གདན་འདྲེན་ཞུས་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་ཏེ་ཡུལ་དངོས་གྲོས་ཚོགས་ལ་ཞུགས་མ་ཐུབ་པའི་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣས་བརྙན་རིས་བརྒྱུད་དེ་གཏམ་བཤད་གནང་། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ཀུའུ་ཐི་ལེ་སི་ཡིས་འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།