ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱིས་ཕྱི་རྒྱལ་གྱི་གླས་དམག་མྱུར་དུ་ན་ཁ་ས་ཁུལ་ནས་ཕྱིར་འགྲོ་དགོས་པའི་རེ་འབོད་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཨུ་རུ་སི་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་ཀྱི་ཕྱི་འབྲེལ་པུའུ་ཀྲང་དང་ཡང་ན་ཕྱི་འབྲེལ་པུའུ་ཀྲང་གཞོན་པས་ཚེས་གསུམ་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱི་རྒྱལ་གྱི་གླས་དམག་མྱུར་དུ་ན་ཁ་ས་ཁུལ་ནས་ཕྱིར་འགྲོ་དགོས་པའི་རེ་འབོད་བཏོན།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སྟེང་ཚེས་གསུམ་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་པུས་ཀིན། ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཏི་ལིས་ཨང་བཅས་ཀྱིས་ན་ཁ་ས་ཁུལ་གྱི་དམག་དོན་བྱ་འགུལ་མཚམས་བཞག་པར་དགའ་བསུ་ཞུ་བའི་ཚུལ་བསྟན་པ་དང་། ཨ་མེ་ནི་ཡ་དང་ཨ་སད་པེ་ཅང་གིས་མུ་མཐུད་དུ་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་ན་ཁ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་དང་དེའི་སྔོན་གྱི་འབྲེལ་ཡོད་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་ནང་གཏན་འཁེལ་བྱས་པའི་འོས་འགན་བརྩི་སྲུང་ནན་མོ་བྱེད་དགོས་པར་མ་ཟད། ཕྱི་རྒྱལ་གྱི་གླས་མི་ཚང་མ་མྱུར་དུ་ན་ཁ་ས་ཁུལ་ནས་ཕྱིར་འགྲོ་དགོས་པའི་རེ་འབོད་བཏོན།

རྒྱལ་ཁབ་གསུམ་གྱིས་ཡ་མེ་ནི་ཡ་དང་ཨ་སད་པེ་ཅང་གིས་དེང་སྐབས་དམག་འཁྲུག་མཚམས་བཞག་པ་བེད་སྤྱོད་པར་སྐུལ་འདེད་བཏང་བ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་མེན་སི་ཁི་ཚན་ཆུང་གི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་འགོ་འཛིན་བྱས་འོག ཡུན་རིང་དང་རྒྱུན་མཐུད་ཀྱི་ཞི་བདེ་གྲོས་མཐུན་འགོད་པའི་ཐད་ལ་གྲོས་མོལ་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་སོགས་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱེ་བྲག་གི་བྱེད་ཐབས་སྤྱོད་པ་དང་། མཐུན་སྦྱོར་གཅིག་གྱུར་གྱི་རྣམ་པར་བརྟེན་ནས་ན་ཁ་ས་ཁུལ་དང་དེ་མིན་དེའི་ཉེ་འཁོར་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་ལེགས་བཅོས་བྱེད་དགོས་པའི་རེ་འབོད་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།