མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་སོ་སོས་དབྱི་ལང་གི་ཚན་རིག་པར་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐད་ནས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། དབྱི་ལང་གི་ཚན་རིག་པ་མུའུ་ཧི་ཧིན·ཧྥ་ཁི་ལེ་ཀྲ་ཏི་ལ་ཚེས་ཉེར་བདུན་ཉིན་ཏི་ཧེ་ལན་ཉེ་འདབས་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧ་ཁི་ཡིས་ཉིན་དེར་ཕྱོགས་སོ་སོས་རང་ཚོད་བཟུང་ནས། དབུས་ཤར་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་མི་གཏོང་རྒྱུའི་འབོད་སྐུལ་བཏང་།

ཧ་ཁི་ཡིས་གསལ་བསྒྲགས་ཤིག་གི་ནང་བཤད་རྒྱུར། ང་ཚོས་ཕྱོགས་སོ་སོས་རང་ཚོད་བཟུང་ནས། ས་ཁུལ་དེའི་ཛ་དྲག་གི་གནས་བབ་སྔར་ལས་ཚབས་ཇེ་ཆེར་གཏོང་སྲིད་པའི་འགུལ་སྐྱོད་ཅི་ཡང་མི་སྤེལ་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལང་གི་འཐུས་ཚབ་ལཱ་ཝན་ཞི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི་ལ་འཕྲིན་ཡིག་བསྐུར་ནས། ཧྥ་ཁི་ལེ་ཀྲ་ཏི་ལྐོག་གསོད་བྱས་པ་དེར་དབྱི་ལང་གིས་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མི་ཆོས་དང་འགལ་བའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད། དོན་རྐྱེན་བཟོ་མཁན་ལ་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཞེས་བཤད།

འཕྲིན་ཡིག་ནང་དུ། དབྱི་ལང་གི་ཚན་རིག་པ་གྲགས་ཅན་མང་པོར་ཉེ་བའི་ལོ་བཅུའི་རིང་ལྐོག་གསོད་ཐེབས་པ་རེད། ང་ཚོས་རྙེད་པའི་བདེན་དཔང་བཙན་པོས་ཕྱི་རྒྱལ་སྟོབས་ཤུགས་ཁ་ཤས་ནི་ལྐོག་གསོད་འགུལ་སྐྱོད་དེ་དག་གི་རྒྱབ་ལོགས་ཀྱི་བཀོད་འདོམས་པ་ཡིན་པ་ར་སྤྲོད་བྱུང་ཡོད་ལ། ཐེངས་འདིའི་ལྐོག་གསོད་འགུལ་སྐྱོད་དེར་དབྱི་སི་རལ་གྱི་རྟགས་མངོན་གསལ་ལྡན་ཞེས་བཀོད་ཡོད།

འཕྲིན་ཡིག་ནང་དུ་ཨ་མེ་རི་ཁི་དང་དབྱི་སི་རལ། ལྷག་པར་དུ་ད་ལྟའི་ཨ་མེ་རི་ཁའི་སྲིད་གཞུང་བཅས་ལ་ཉེན་བརྡ་བཏང་ནས། དབྱི་ལང་ལ་ཉེན་ཁའི་བྱེད་ཐབས་ཅི་ཡང་སྤྱོད་མི་རུང་ཞེས་བཤད་ཡོད་པ་དང་། དབྱིལང་གིས་མི་དམངས་དང་རྒྱལ་ཁབ་རང་གི་ཁེ་ཕན་ལ་སྲུང་སྐཽབ་བྱེད་པའི་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་སྲིད་ཅེས་བཤད་ཡོད།

ཉིན་དེའི་ཅུང་སྔ་བའི་དུས་སུ། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་ཀྲ་ལེ་ཧྥུའུ་ཡིས་དབྱི་སི་རལ་ཧྥ་ཁི་ལེ་ཀྲ་ཏི་ལྐོག་གསོད་བྱས་པའི་འགུལ་སྐྱོད་ཞུགས་ཡོད་ཚོད་རེད་ཅེས་སྐྱོན་བརྗོད་བྱས་པ་དང་། དབྱི་ལང་གི་ཆེས་མཐོའི་འགོ་ཁྲིད་པ་ཧ་མཱེ་ནེ་དབྱི་ཡི་དམག་དོན་བློ་འདོན་པ་ཀན་ཏི་ཡིས་ཀྱང་དབྱི་ལང་གིས་ལག་དམར་ལ་ཁྲིམས་ཆད་ནན་མོ་བཅད་ནས། ཁོ་ཚོ་རང་གི་བྱ་སྤྱོད་ལ་འགྱོད་པ་སྐྱེས་སུ་འཇུག་ངེས་ཡིན་ཞེས་བཤད།

དབྱི་ལང་གི་སྨྱན་སྦྱོར་ཁག་གིས་བསྒྲགས་པ་ལྟར་ན། ཧྥ་ཁི་ལེ་ཀྲ་ཏི་ནི་དབྱི་ལང་རྒྱལ་སྲུང་པུའུ་ཡི་ཉིང་རྡུལ་འཆར་གཞིའི་འགན་ཁུར་བ་ཡིན་ལ། ཁོ་བསྡོད་ཡོད་པའི་རླངས་འཁོར་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་ཏི་ཧེ་ལན་ཤར་བྱང་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པའི་ཨ་པུའུ་ཧྲ་ཏི་སྡེ་བའི་ལམ་ནང་དུ་བསྐྱོད་སྐབས་འགས་གཏོར་ཐེབས་པ་དང་། དེའི་རྗེས་སུ་མེ་མདས་བརྒྱབ་སྟེ་མི་མང་པོ་བསད། མིག་སྔར་རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།