ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་དམག་གྲུ་ཨུ་རུ་སུའི་རྒྱ་མཚོའི་བདག་ཁོངས་སུ་འབྱོར་བར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཚེས་ཉེར་བདུན་ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཉེ་ལམ་ཨ་མེ་རི་ཁའི་དམག་གྲུ་ཨུ་རུ་སུའི་རྒྱ་མཚོའི་བདག་ཁོངས་སུ་འབྱོར་བའི་ཐད་རྒོལ་གཏམ་དྲག་པོ་བཏང་།

གསལ་བསྒྲགས་ནང་བཤད་རྒྱུར། ཨུ་རུ་སུ་ཕྱོགས་ཀྱིས་དོན་རྐྱེན་དེ་མངོན་སུམ་འཛེམ་མེད་ངང་འཁྲུག་རྩོད་སློང་བ་ཞིག་ཏུ་བརྩིས་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཨ་མེ་རི་ཁ་ཕྱོགས་ཀྱིས་ཞི་བདེ་དང་སྒྲིག་ལམ་བཟང་པོར་གཏོར་བཤིག་གཏོང་འདོད་ཡོད་པ་དེ་ཡིན་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ཨ་མེ་རི་ཁའི་དམག་གྲུ་ཨུ་རུ་སུའི་མངའ་ཁོངས་རྒྱ་མཚོར་ཐོན་པའི་དོན་དངོས་དེས། འབྲེལ་ཡོད་ཆུའི་མངའ་ཁོངས་ཀྱི་གནས་བབ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཐད་ཤུགས་རྐྱེན་གང་ཡང་ཐེབས་མི་སྲིད་ཟེར། ཨུ་རུ་སུ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ལ་ཕྱིན་ཆད་ཉེན་མཆོང་གི་བྱེད་སྤྱོད་དེ་རིགས་མི་སྤེལ་རྒྱུའི་ཉེན་བརྡ་བཏང་བ་དང་། གལ་སྲིད་ཉེན་བརྡ་ལས་ལྡོག་ན་ཨ་མེ་རི་ཁ་ཕྱོགས་ཀྱིས་འབྱུང་སྲིད་པའི་མཇུག་འབྲས་ཅི་རིགས་ལ་འགན་གཙང་འཁུར་བྱེད་དགོས་པར་མ་ཟད། ཨུ་རུ་སུ་ཕྱོགས་ཀྱིས་འཁོན་ལན་སློག་པའི་བྱེད་ཐབས་སྤྱོད་དབང་སོར་ཉར་བྱས་ཡོད་ཟེར།

ཨུ་རུ་སུ་ཡི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བཞི་ཉིན་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། འཇར་པན་གྱི་རྒྱ་མཚོའི་ནང་ཉིན་མང་པོར་བསྡད་པའི་ཨ་མེ་རི་ཁའི་མཚོ་དམག“ཡོད་ཧན·མའེ་ཁའེ་ཨེན”རྟགས་ཅན་གྱི་མཐར་སྐྲོད་དམག་གྲུ་དེ། མོ་སི་ཁོའི་ས་གནས་ཀྱི་ཚེས་ཉེར་བཞི་ཉིན་གྱི་ཆུ་ཚོད་དྲུག་དང་སྐར་མ་བཅུ་བདུན་སྟེང་དུ། ཨུ་རུ་སུའི་མངའ་ཁོངས་སུ་གཏོགས་པའི་པི་ཏེ་ཏ་ཏི་མཚོ་ཁུག་ཉེ་འགྲམ་དུ་འབྱོར་བ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།