ཀྲུང་གོ་བོད་ཀྱི་དྲ་བ།

ཀུའུ་ཐི་ལོས་སི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཉིས་ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་རིམས་འགོག་ཐད་འགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བརྙན་རིས་རྣམ་པར་སྤེལ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། མཐུན་སྒྲིལ་མཉམ་ལས་ནི་ང་ཚོ་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བའི་མན་ངག་ཡིན་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་སྟོབས་ཤུགས་དེ་རིམས་ནད་རྒྱ་ཡན་དུ་འགྲོ་བར་བཀག་འགོག་བྱེད་པར་གལ་འགངས་ཧ་ཅང་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་ཉིན་དང་པོའི་གྲོས་ཚོགས་སྟེང་དུ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་དེའི་ཚད་འཇལ་ཞིབ་བཤེར། གསོ་བཅོས་བྱེད་ཐབས་བཅས་ནི་འཛམ་གླིང་ཡོངས་ཀྱི་སྤྱི་སྤྱོད་ཐོན་རྫས་སུ་རློམ་ཡོད་པས་དེས་མི་སེམས་འགུལ་བར་བྱེད་སྲིད་ཟེར། ཁོས་ཡང་བསྐྱར་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པས་འཛམ་གླིང་ཡོངས་ཀྱིས་མཉམ་ལས་བྱས་ཏེ་མྱུར་དུ་གསར་སྤེལ་དང་ཐོན་སྐྱེད། འདྲ་མཉམ་བགོ་བཤའ་བྱེད་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྲུང་ཡོ་བྱེད་གསར་བའི་གྲོས་འདོན་དང་དེའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་གྱི་ལག་བསྟར་འཆར་གཞི་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་ཤིང་། སྔ་མོ་ནས་མིག་སྔའི་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་བརྒྱད་ཀྱི་མ་དངུལ་ཁ་གསབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཐོན་ཁུངས་བེད་སྤྱོད་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་རིམས་ནད་རྗེས་ཀྱི་སླར་གསོ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་འགོ་ཁྲིད་ནུས་པ་དེ་ཡང་གལ་འགངས་ཧ་ཅང་ཆེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཧུར་ཐག་སྒོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་གཞན་པས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་སྐྱོར་བྱེད་པའི་དངོས་ཤུགས་ཇེ་དྲག་ཏུ་གཏོང་དགོས། དེ་ལས་གཞན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་དངུལ་བུན་གྲོས་འདོན་གྱི་དངོས་བཀོལ་ཁྱབ་ཁོངས་རྒྱ་བསྐྱེད་དེ་ཉམས་ཞན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མར་ཁེབས་པར་བྱེད་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བལྟས་ན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་ནུས་པའི་གལ་ཆེན་རང་བཞིན་དེ་རྒྱལ་ཁབ་སོ་སོའི་སླར་གསོའི་བྱ་བར་སྐུལ་འདེད་གཏོང་བ་དང་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལ་ཡར་སྐུལ་གཏོང་བ། ཕཱ་རེ་སིའི་ནམ་ཟླའི་འགྱུར་ལྡོག་གི་གྲོས་ཆོད་བཅས་སྲུང་འཛིན་གཅིག་གྱུར་བྱེད་པ་སོགས་ལས་མངོན་པར་བྱས་ཡོད་པར་འདོད། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། བཟོད་སྒོམ་དང་རྒྱུན་མཐུད་རུང་བ། བཟོད་སྒོམ་ལྡན་པའི་རིམས་ནད་མེད་པའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཆེད། སྤྱི་བའི་འགྲོ་སོང་དེ་ངེས་པར་དུ་དངོས་ཡོད་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་དང་འབྲེལ་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་སོ་སོར་ངེས་པར་དུ་ལོ་རྒྱུས་ཁག་ཁུར་ཡོད་དགོས་པ་དང་། ང་ཚོའི་བུ་རབས་ཚ་རྒྱུད་ལས་ཐོབ་པའི་རིམས་ནད་རྗེས་ཀྱི་སླར་གསོའི་ཐད་བཀོལ་བའི་མེ་སྒོར་ཁྲག་ཁྲིག་མང་བོ་དེ་བུ་རབས་ཚ་རྒྱུད་ཀྱི་རི་ལྟར་སྤུངས་པའི་བུ་ལོན་དུ་མི་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བ་ཚེས་ཉེར་གཅིག་ཉིན་བརྙན་རིས་ཀྱི་རྣམ་པས་སྤེལ་མགོ་བརྩམས། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་སོ་ཏི་ཨ་རབ་ཀྱིས་གཙོ་སྒྲུབ་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།