ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་རུ་འགས་གཏོར་འཇབ་རྒོལ་ཐེངས་མང་བྱུང་ནས་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དཔོན་པོས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པུར་རུ་ཉིན་དེར་འགས་གཏོར་འཇབ་རྒོལ་མང་པོ་བྱུང་ནས། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་མི་སོ་བཞི་ལ་རྨས་ཕོག་པ་རེད།

ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཐ་ལིས་ཁི.ཨ་ལིས་ཨན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་ཞོགས་པར། དྲག་ཆས་རྩ་འཛུགས་སྐོར་གཉིས་ཀྱིས་སོ་སོར་ཁ་པུར་གྱི་ཉེན་ཟོན་ཁུལ་བདུན་པ་དང་བཅུ་བདུན་ནས་ཡང་ཐེག་རླངས་འཁོར་སྤྱད་དེ་མེ་ཤུགས་འཕུར་མདའ་ཉེར་གསུམ་བརྒྱབ་པ་དང་། མེ་ཤུགས་འཕུར་མདའ་དེ་དག་ཉེན་ཟོན་ཁུལ་བཅུ་བ་དང་བཞི་བ། གཉིས་པའི་ས་གནས་མང་པོར་ཕོག་པ་རེད།

ཨ་ཧྥུའུ་ཧན་སྤྱི་ཐུན་འཕྲོད་བསྟེན་པུའུ་གསར་འགྱུར་གཞུང་སྒྲུབ་ཁང་གིས་ལག་ཁྱེར་ཁ་པར་གྱི་འཕྲིན་ཐུང་བརྒྱུད་དེ་སྨྱན་བྱད་ལ་བསྒྲགས་པ་ལྟར་ན། མེ་ཤུགས་འཕུར་མདས་འཇབ་རྒོལ་ཁྲོད་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཅིག་ལ་རྨས་ཕོག་རེད།

ཁ་པུར་ཉེན་རྟོག་ཕྱོགས་ཀྱིས་སྨྱན་བྱད་ལ་བཤད་རྒྱུར། མེ་ཤུགས་འཕུར་མདའི་འཇབ་རྒོལ་མ་བྱུང་གོང་དུ། རླངས་འཁོར་ཆུང་བ་གཉིས་ལ་འཇབ་རྒོལ་ཐེབས་ནས། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་པ་རེད།  །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།