ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་ནཱ་ཁཱ་ས་ཁུལ་གྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་རོགས་རམ་བྱེད་འདོད་ཡོད་པའི་ཚུལ་བསྟན།

    སྤེལ་དུས། : 2020-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་རིག་གནས་དང་ཆོས་ལུགས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཧྥ་རན་སི་ཡིས་དེའི་ཐད་རོགས་རམ་བྱེད་འདོད་ཡོད་པའི་ཚུལ་བསྟན། 

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཚེས་བཅུ་དགུའི་ཉིན་སོ་སོར་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གཉིས་དང་བརྙན་རིས་གྲོས་མོལ་སྤེལ་ནས། ཉེ་སྔོན་ནཱ་ཁཱ་ས་ཁུལ་གྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལས་མྱུར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་རེ་འགར་གྲོས་བསྡུར་བྱས། 

བརྙན་རིས་གྲོས་མོལ་གྱི་རྗེས་སུ། མཱ་ཁི་ལུང་གིས་དྲ་ཚིགས་སུ་རྩོམ་ཡིག་སྤེལ་ཏེ། ཧྥ་རན་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་ནཱ་ཁཱ་ས་ཁུལ་དང་དེའི་ཉེ་འཁོར་གྱི་རིག་གནས་དང་ཆོས་ལུགས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་པའི་ཐད་རོགས་རམ་བྱེད་འདོད་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། འཁྲུག་རྩོད་མཚམས་བཞག་ན་ད་གཟོད་ས་ཁུལ་དེའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཐུབ་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།