ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ལེ་ཏི་ལི་ཨང་ལ་ཁ་པར་བཏང་སྟེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་དང་ལེ་ཏི་ལི་ཨང་གིས་ནཱ་ཁཱ་ས་ཁུལ་གྱི་མིག་སྔའི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། དེའི་སྔོན་བཀོད་པའི་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་བལྟས་ན། ཡུལ་གྱར་བ་བདེ་འཇགས་ངང་ཕྱིར་རང་ཡུལ་དུ་ལོག་པར་རོགས་རམ་བྱེད་པ་དང་ནཱ་ཁཱ་ས་ཁུལ་གྱི་དཔལ་འབྱོར་དང་འགྲིམ་འགྲུལ་སླར་གསོ་བྱེད་པ། དམངས་བཀོལ་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་བཅས་ནི་མིག་སྔར་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་ཡིན་པར་འདོད། 

སྤྱི་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་མེན་སི་ཁིའི་ཚན་ཆུང་གི་སྒྲོམ་གཞིའི་ནང་བཀོད་པའི་རྩ་དོན་རྨང་གཞིའི་སྟེང་། ནཱ་ཁཱའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་ཆེད་སྤྱད་པའི་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཁོ་ཚོས་ད་རུང་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་རོགས་ལས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་པར་ཡིད་འཐད་བྱུང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།