ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཡིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚེས་བཅུ་དགུའི་ཉིན་ཧན་ཧྥུའུ་ཧན་གྱི་རྒྱལ་ས་ཁཱ་པོར་ནས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་བཟོད་སྒོམ་རང་བཞིན་གྱི་ཞི་བདེའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ། རང་ནུས་ཅི་ལྕོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན་ཟེར། 

དབྱེ་མུའུ་ལན་ཧན་གྱིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེ་མངོན་འགྱུར་བྱེད་པར་རེ་བས་ཁེངས་ཡོད་པ་དང་། ཉེ་སྔོན་ཨ་ཧྥུའུ་ཧན་རྒྱལ་ནང་གི་དྲག་ཤུགས་བྱ་འགུལ་ཇེ་མང་དུ་འགྲོ་བའི་སྣང་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། རང་ནུས་ཅི་ལྕོགས་ཀྱིས་ཨ་ཧྥུའུ་ཧན་ལ་རོགས་རམ་བྱས་ཏེ་ཨ་ཧྥུའུ་ཧན་མངའ་ཁོངས་ཀྱི་དྲག་ཤུགས་བྱ་འགུལ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། 

དབྱེ་མུའུ་ལན་ཧན་གྱིས་ད་རུང་བཤད་རྒྱུར། ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བའི་ཆེད་དུ་ཡིན་ཟེར། 

ཅཱ་ནེ་ཡིས་བསྟན་དོན། དབྱེ་མུའུ་ལན་ཧན་གྱི་ཐེངས་འདིའི་འཚམས་འདྲི་ལས་དྲག་ཤུགས་ནི་མིག་སྔའི་ཨ་ཧྥུའུ་ཧན་གྱི་གནས་བབ་ཐག་གཅོད་བྱེད་པའི་གདམ་གསེས་མིན་པའི་བརྡ་བསྟན་ཡོད་ཟེར། ཁོས་ཨ་ཧྥུའུ་ཧན་གྱི་དམངས་ཀྱིས་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མྱུར་དུ་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཟེར། 

ཅཱ་ནེ་ཡིས་གདན་དྲངས་པ་ལྟར། དབྱེ་མུའུ་ལན་ཧན་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཁཱ་པོར་དུ་འབྱོར་ནས། ཨ་ཧྥུའུ་ཧན་ལ་དུས་ཡུན་ཉིན་གཅིག་གི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད། དེ་ནི་དབྱེ་མུའུ་ལན་ཧན་གྱིས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་འགན་ཁུར་བའི་ཚུན་ལ་ཐོག་དང་པོར་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱས་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།