ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཐུར་ཁེའི་གྲོས་ཁང་གིས་ཚེས་བཅུ་བདུན་ཉིན་གྲོས་མཐུན་ཅིག་ལ་བརྡས་ཐག་བཅད་དེ། ཨ་སེ་པེད་ཅང་དུ་ཐུར་ཁེའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱས་ནས། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་པར་ཆོག་མཆན་བཀོད།
གྲོས་མཐུན་ལྟར་ན། ཐུར་ཁེའི་དམག་དཔུང་ཨ་སེ་པེད་ཅང་དུ་སོང་ནས་ཞི་བདེ་སྲུང་སྐྱོབ་ལས་འགན་ལག་བསྟར་བྱེད་པའི་ཡུན་ཚད་ནི་ལོ་གཅིག་ཡིན་པ་དང་། མི་གྲངས་ག་ཚོད་མངག་པ་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཐག་གཅོད་བྱེད་རྒྱུ་རེད། དེ་ལས་གཞན་མཉམ་འབྲེལ་ལྟེ་གནས་བཙུགས་ཏེ། ཐུར་ཁེ་དང་ཨུ་རུ་སི་ཡིས་མཉམ་དུ་འཁྲུག་རྩོད་མཚམས་འཇོག་པའི་གནས་ཚུལ་ལ་ལྟ་རྟོག་བྱེད་རྒྱུ་རེད།
གྲོས་མཐུན་ལས་ད་རུང་བཤད་རྒྱུར། གྲོས་མཐུན་འདིར་གྲོས་མཐུན་བཀོད་པ་ནི་ཨ་སེ་པེད་ཅང་གི་འཐབ་ཇུས་གྲོགས་པོ་དང་རོགས་ལས་གྲོས་མཐུན་ལག་བསྟར་བྱས་ཏེ། ཐུར་ཁེའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཟེར། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
ཐུར་ཁེའི་གྲོས་ཁང་གིས་གྲོས་མཐུན་བཀོད་དེ་ཨ་སེ་པེད་ཅང་དུ་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པར་ཆོག་མཆན་བཀོད།