ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་གིས་རིམས་ནད་ལས་ཕོ་མོ་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་སོང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་ཀྲུང་གོའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཨན་སི་ཆི་ཡིས་ཚེས་བཅོ་བརྒྱད་ཉིན་ཉིས་སྟོང་ཉི་ཤུ་ལོའི་ཕོ་མོ་འདྲ་མཉམ་དང་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་རྒྱལ་སྤྱིའི་གྲོས་ཚོགས་དང་བུད་མེད་ལ་དབང་ཆ་སྟེར་བའི་རྩ་དོན་གྱི་བྱ་དགའ་སྟེར་བའི་མཛད་སྒོར་ཞུགས་སྐབས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ལས་ཕོ་མོ་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་ཡོད་པ་དང་། ཐ་ན་ང་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་བླངས་པའི་གྲུབ་འབྲས་ཤུལ་མེད་དུ་འགྲོ་བཞིན་པའི་སྣང་ཚུལ་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་དོན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཁང་གི་ཞིབ་འཇུག་གྲུབ་འབྲས་གསར་བ་ཞིག་ལས་མངོན་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་གྱི་དབང་གིས་སང་ལོར་འཛམ་གླིང་ཡོངས་སུ་བུད་མེད་དང་བྱིས་པ་བྱེ་བ་བཞི་དང་ས་ཡ་བདུན་ལྷག་དབུལ་ཕོངས་ཀྱི་གནས་སུ་ལྷུང་སྲིད། རིམས་ནད་ཀྱི་དབང་གིས་ཁ་ཁར་བྱས་པའི་ཤུགས་རྐྱེན་ལས་འཛམ་གླིང་ཡོངས་ཀྱི་བུད་མེད་ལ་དྲག་ཤུགས་དང་མནར་གཅོད་ཐེབས་པའི་གྱོད་དོན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། བུད་མེད་མང་པོ་ཡོད་སའི་ལས་རིགས་ལ་རིམས་ནད་ཀྱི་གནོད་པ་ཚབས་ཆེན་ཐེབས་པའི་དབང་གིས་ཁོ་མོ་དག་རྒྱུན་མཐུད་འཚོ་བ་རོལ་བར་དཀའ་ཁག་ཆེན་པོ་བྱུང་ཡོད་ཟེར། 

ད་ལོ་ནི་པེ་ཅིང་འཛམ་གླིང་བུད་མེད་ཚོགས་ཆེན་བསྡུས་ནས་ལོ་ངོ་ཉེར་ལྔ་འགོར་བའི་ལོ་རེད། ལོ་ངོ་ཉེར་ལྔའི་ཡར་སྔོན་དུ། ཚོགས་ཆེན་ནས་གྲོས་འཆམ་བྱུང་བའི་པེ་ཅིང་བསྒྲགས་གཏམ་ལས་ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་། བུད་མེད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་འཐབ་ཇུས་དམིགས་འབེན་དང་སྲིད་ཇུས་སྒྲོམ་གཞིར་གྲོས་འཆམ་བྱུང་བ་དང་། འཛམ་གླིང་ཡོངས་ཀྱི་བུད་མེད་ལས་དོན་གྱི་འཕེལ་རྒྱས་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། 

ཨན་སི་ཆི་ཡིས་བལྟས་ན། ལོ་ངོ་ཉེར་ལྔའི་རིང་རྒྱལ་ཁབ་སོ་སོའི་ལོ་ཆུང་བུ་མོའི་སློབ་གསོ་དང་བུད་མེད་ཀྱི་ཁྲིམས་འཛུགས་སོགས་ཀྱི་ཐད་ནས་དགའ་འོས་པའི་གྲུབ་འབྲས་མི་ཉུང་བ་བླངས་ཡོད་ཀྱང་། སྤྱི་ཕྱོགས་ནས་བཤད་ན་འཛམ་གླིང་ཡོངས་ཀྱི་ཕོ་མོ་འདྲ་མཉམ་གྱི་ལས་དོན་འཕེལ་རྒྱས་གོམ་སྟབས་ཅུང་དལ་བར་མ་ཟད་དོ་མཉམ་མ་རེད། ཁོ་མོས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། བྱེ་བྲག་གི་དམིགས་འབེན་གཏན་འབེབས་བྱེད་པ། དོན་དངོས་བྱ་སྤྱོད་སྤེལ་ཏེ། ཕོ་མོའི་མཐོང་ཆུང་གི་ལྟ་ཚུལ་མེད་པར་གཏོང་བའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། ཕོ་མོ་འདྲ་མཉམ་དང་བུད་མེད་ལ་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།