ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་པེ་ལོ་ཝུའུ་སོ་ཧྥུའུ་གཉིས་ཀྱིས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པར་འགོ་འཛིན་མཛད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་དངུལ་གཏོང་མཉམ་ལས་བྱས་པའི་འཕེལ་རིམ་ལ་སྤྱི་སྡོམ་དང་གསེད་བཀྲོལ་བྱས་ཤིང་། ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་པྲོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་གནོད་པ་ཁྱད་སེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་དངུལ་གཏོང་མཉམ་ལས་བྱས་ཏེ་མྱུར་དུ་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་བཏང་ནས། དངོས་གཉེར་གྲུབ་འབྲས་གང་མང་ལེན་པར་འཐད་པ་བྱུང་།
ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཐད་ནས་ནམ་ཡང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། ད་ལོའི་ཚུན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་གཞུག་ཏུ་ཐེངས་བཞི་ལ་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ་རིམས་ནད་ལ་མཉམ་དུ་ཁ་གཏད་འཇལ་ཞིང་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་རབ་དང་རིམ་པ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དངུལ་གཏོང་མཉམ་ལས་སྔར་ལས་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨུ་རུ་སིའི་དུས་རབས་གསར་བའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད།
པེ་ལོ་ཝུའུ་སོ་ཧྥུའུ་ཡིས་བཤད་དོན། ཨུ་རུ་སི་དང་ཀྲུང་གོས་རིམས་ནད་རྒྱ་ཡན་དུ་འགྲོ་བར་དམིགས་ཏེ་ཕན་ཚུན་ལ་རོགས་སྐྱོར་བྱས་པ་དང་མཐུན་སྦྱོར་དམ་པོ་བྱས་ནས། དངུལ་གཏོང་མཉམ་ལས་ལས་གཞི་གཙོ་བོ་བརྟན་བརླིང་སྒོས་ལག་བསྟར་བྱས། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་དཀའ་ཁག་མཉམ་སེལ་བྱེད་པར་མ་ཟད། ཕྱོགས་གཉིས་ཀྱི་དངུལ་གཏོང་མཉམ་ལས་རྐྱེན་སྲོལ་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། །