ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་མཚོ་ཐོག་རྟེན་གཞི་ནས་གླིང་ཆེན་བར་གྱི་འཕུར་མདའ་བཀག་འགོག་བྱེད་པའི་ཚོད་ལྟ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། རྒྱལ་སྲུང་པུའུ་འཕུར་མདའི་འགོག་སྲུང་ཅུས་དང་ཨ་མེ་རི་ཁའི་མཚོ་དམག་གིས་ཉིན་དེའི་སྔ་དྲོར་མཚོ་ཐོག་རྟེན་གཞི་ནས་གླིང་ཆེན་བར་གྱི་འཕུར་མདའ་བཀག་འགོག་བྱེད་པའི་ཚོད་ལྟ་བདེ་བླག་ངང་སྤེལ་ཟེར། 

རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ལས། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་ཞི་བདེ་རྒྱ་མཚོ་ཆེན་མོའི་མཱ་ཧྲའོ་ཨར་གླིང་ཚོམས་ཀྱི་མཁའ་ཅཱ་ནགས་ཀྱི་མཐའ་འཁོར་བྲག་རྡོའི་ཚོད་ལྟ་ར་བ་ཞིག་ནས་ཞཱ་ཝེ་ཡེའི་བྱང་ཤར་མཚོ་ཁོངས་སུ་གླིང་ཆེན་བར་གྱི་འཕུར་མདའ་གཏོང་འཕེན་བྱས་པ་དང་། ཨ་མེ་རི་ཁའི་མཚོ་དམག་གི་འཕུར་མདའ་འགོག་པའི་ནུས་པ་ལྡན་པའི་ཀྲོའུ་སི་ཏོན་རྟགས་ཅན་གྱི་མཐའ་སྐྲོད་གྲུ་གཟིངས་ཤིག་གིས་དམིགས་འབེན་འཕུར་མདའི་རྒྱུ་ལམ་གྱི་གཞི་གྲངས་དང་ལེན་བྱས་རྗེས། འཕུར་མདའ་ལ་རྒོལ་བའི་འཕུར་མདའ་ཞིག་གཏོང་འཕེན་བྱས་ཏེ་གླིང་ཆེན་བར་གྱི་འཕུར་མདའ་དེ་གཏོར་བ་རེད་ཟེར། 

གསལ་བསྒྲགས་ལས་བཤད་རྒྱུར། འཕུར་མདའ་ལ་རྒོལ་བའི་འཕུར་མདའ་དེ་གསར་སྤེལ་བྱེད་སྐབས་འབྲིང་འཕེན་འཕུར་མདའི་འཇིགས་ཉེན་ལ་དམིགས་པ་ཡིན་ཡང་། ཐེངས་འདིའི་ཚོད་ལྟ་ལས་འཕུར་མདའ་དེར་གླིང་ཆེན་བར་གྱི་འཕུར་མདའ་བཀག་འགོག་བྱེད་པའི་ནུས་པ་ཡོད་པ་བདེན་དཔང་བྱས་ཡོད་ཟེར། འཕུར་མདའ་འགོག་སྲུང་ཅུས་ཀྱི་ཅུས་ཀྲང་ཆའོ་ཨིན་ཞེ་ཨར་གྱིས་གསལ་བསྒྲགས་ལས་བཤད་རྒྱུར། རྒྱལ་སྲུང་པུའུ་ཡིས་མྱུལ་ཞིབ་དང་མཚོན་ཆའི་མ་ལག་གཞན་པས་སྐམ་སའི་རྟེན་གཞིའི་འགོག་སྲུང་མ་ལག་ལ་ཁ་གསབ་བྱེད་པར་ཞིབ་འཇུག་བཀོད་སྒྲིག་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཟེར། 

སྔོན་གྱི་འཆར་གཞི་ལྟར་ན་ཐེངས་འདིའི་འཕུར་མདའ་ལ་རྒོལ་བའི་འཕུར་མདའི་ཚོད་ལྟ་དེ་ད་ལོའི་ཟླ་ལྔ་བར་སྤེལ་བའི་འཆར་གཞི་ཡོད་ཀྱང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་དབང་གིས་རྗེས་སུ་བསྣུར་བ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།