ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་རྒྱལ་སའི་ལྟེ་གནས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་བཞིའི་འཇབ་རྒོལ་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་སུ་ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ་བཞིའི་འཇབ་རྒོལ་ཐེབས་པ་དང་། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་མཁའ་སྲུང་མ་ལག་བཀོལ་ནས་མེ་ཤུགས་འཕུར་མདའ་བཀག་འགོག་བྱས་ཟེར། 

པཱ་ཀ་ཏཱའི་ལྟེ་གནས་ས་ཁུལ་དུ་ཉིན་དེའི་དགོང་མོར་བསྟུད་མར་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་པ་དང་། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཉེན་བརྡ་བཏང་། དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམས་པུའུ་ཡིས་གསལ་བསྒྲགས་སྤེལ་ཏེ། ལྟེ་གནས་ས་ཁུལ་དུ་པཱ་ཀ་ཏཱའི་ཤར་ཕྱོགས་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའ་བཞིའི་འཇབ་རྒོལ་ཐེབས་པ་དང་། བུ་མོ་ཆུང་ཆུང་གཅིག་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་སེར་དཀྱུས་མ་ལྔར་རྨས་ཕོག་ཡོད་ཟེར། 

དབྱི་རག་ནང་སྲིད་པུའུ་ཡི་དཔོན་པོ་ཞིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། པཱ་ཀ་ཏཱའི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གི་མཁའ་སྲུང་མ་ལག་གིས་མེ་ཤུགས་འཕུར་མདའ་བཀག་འགོག་བྱས་པ་རེད་ཟེར། བསྒྲགས་པ་ལྟར་ན། མེ་ཤུགས་འཕུར་མདའ་དེ་ཨ་མེ་རི་ཁའི་གཞུང་ཚབ་ཁང་དང་བར་ཐག་སྨི་དྲུག་བརྒྱའི་མཚམས་ནས་བཀག་འགོག་བྱས་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། 

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེའི་སྔ་དྲོར་སྤྱི་བསྒྲགས་སྤེལ་ཏེ། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་དབྱི་རག་གི་ཙུང་ལི་ཁཱ་ཏིས་མུས་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་དབྱི་རག་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་མ་འོངས་པའི་མཉམ་ལས་གནད་དོན་ཐད་ནས་གྲོས་བསྡུར་བྱས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།