ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཚབ་མས་ཁ་པར་གྱི་ལམ་ནས་ཅིར་ཅི་སི་སི་ཐན་གྱི་གནས་སྟངས་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས12ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་དུས་བཅད་ལྟར་ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་ཚབ་མ། ཙུང་ལི་ཀྲ་ཕ་ལུའོ་ཕུའུ་དང་ཁ་པར་གྱི་ལམ་ནས་ཅིར་ཅི་སི་སི་ཐན་རྒྱལ་ནང་གི་གནས་བབ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཁེ་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཐོག་དེ་ཉིན་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཀྲ་ཕ་ལུའོ་ཕུའུ་ཡིས་ཕུའུ་ཅིན་ལ་ཅིར་ཅི་སི་སི་ཐན་གྱི་ཟླ་བཅུ་པའི་གྲོས་ཚོགས་འདེམས་བསྐོ་བྱས་རྗེས་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། ཕུའུ་ཅིན་གྱིས་ཨུ་རུ་སུ་ཕྱོགས་ཀྱིས་ཅིར་ཅི་སི་སི་ཐན་གྱི་དུས་བབ་བརྟན་པོ་ཡོད་པ་དང་རྒྱལ་ནང་གི་ཆབ་སྲིད་གནད་དོན་གང་མགྱོགས་ཐག་གཅོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཟེར། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་མནའ་འབྲེལ་དང་འཐབ་ཇུས་རོགས་རེས་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་འདོད་ཡོད་ཟེར།

ཕུའུ་ཅིན་དང་ཀྲ་ཕ་ལུའོ་ཕུའུ་ཡིས་ད་དུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ད་ལྟའི་གནས་ཚུལ་དང་མདུན་ལམ་ཐད་ནས་གྲོས་བསྡུར་བྱས་པར་མ་ཟད། དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་དེ་བཞིན་རིམས་ནད་ཀྱི་གནས་ཚུལ་གསར་པར་མཉམ་དུ་འགོག་རྒོལ་བྱེད་པ་སོགས་ཀྱི་གནད་དོན་ལ་གཙོ་གནད་ཐོག་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།