ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་གྱི་མགོ་གཙོའི་གྲོས་མོལ་ཐོག་མ་སྤེལ་ཏེ་འགོག་སྲུང་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཡར་སྐུལ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཏུང་ཅིན་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅན་དབྱེ་ཝེ་དང་གྲོས་མོལ་བྱས་ཏེ། བདེ་འཇགས་དཔལ་འབྱོར་མཉམ་ལས་ལ་ཡར་སྐུལ་བྱེད་རྒྱུ་རེད་ཟེར། 

དེ་ནི་མའོ་ལི་སིན་གྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ་ཐོག་དང་པོར་རྒྱལ་ཁབ་གཞན་པར་འཚམས་འདྲི་བྱས་པ་རེད། ཁོ་ནི་ཅན་དབྱེ་ཝེ་ཡིས་ཟླ་དགུ་བའི་ཚེས་བཅུ་དྲུག་ཉིན་ལས་འགན་ཁུར་བའི་ཚུན་དངོས་སུ་འཕྲད་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་ཐོག་མ་ཡིན་སྲིད། མའོ་ལི་སིན་ནི་ཅན་དབྱེ་ཝེ་ཡིས་ལས་འགན་ཁུར་རྗེས་ཐོག་དང་པོར་ཁ་པར་བཏང་བའི་ཕྱི་རྒྱལ་གྱི་མགོ་གཙོའང་ཡིན་པ་རེད། 

མའོ་ལི་སིན་གྱིས་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་ས་ཁན་ཕའེ་ལཱ་ནས་གསར་འགོད་པར་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་གསར་བ་དང་ཐུག་འཕྲད་བཡེད་པའི་ཕྱི་རྒྱལ་གྱི་མགོ་ཁྲིད་པ་ཐོག་མར་གྱུར་བ་དེ་ཨོ་སི་ཁྲུ་ལི་ཡཱ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན། ང་ཚོ་ནི་དམིགས་བསལ་གྱི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། ཉོ་ཚོང་དང་བདེ་འཇགས། འགོག་སྲུང་བཅས་ཀྱི་ཐད་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད་ཟེར། 

བསྒྲགས་པ་ལྟར་ན། མའོ་ལི་སིན་དང་ཅན་དབྱེ་ཝེ་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་བར་གྱི་གནས་སྐོར་ལ་ཡང་བསྐྱར་སྒོ་འབྱེད་བྱེད་པ་དང་དེ་མིན་ཉོ་ཚོང་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་གྲོས་བསྡུར་བྱེད་རྒྱུ་རེད། ཨོ་སི་ཁྲུ་ལི་ཡཱ་དང་འཇར་པན་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་གསུམ་ཡིན་པ་རེད། 

ཧྥ་རན་སིའི་གསར་འགྱུར་ཁང་གིས་དབྱེ་ཞིབ་བྱས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡཱ་ཡིས་རྒྱལ་ཁབ་མང་བོའི་བར་གྱི་ཉོ་ཚོང་རྒྱ་བསྐྱེད་པ་དང་ཕྱིར་གཏོང་ཚོང་ར་རྒྱ་བསྐྱེད་པར་འཚོལ་ཞིབ་བྱེད་བཞིན་ཡོད་ཟེར། 

ཅན་དབྱེ་ཝེ་དང་མའོ་ལི་སིན་གཉིས་ཀྱི་གྲོས་མོལ་གྱི་གྲོས་གཞི་གཞན་ཞིག་ནི་གཉིས་ཕན་ཞུགས་ཆོག་གི་གྲོས་ཆོད་ཡིན་པ་དང་། འགོག་སྲུང་མཉམ་ལས་ཀྱི་གྲོས་ཆོད་དེས་འཇར་པན་རང་སྲུང་རུ་ཁག་དང་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་དམག་དཔུང་གིས་ཕན་ཚུན་འཚམས་འདྲི་དང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བའི་ཐད་སྲིད་འཛིན་དང་བཅའ་ཁྲིམས་ལས་རིམ་གཏན་འབེབས་བྱས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།