ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཙུང་ལིས་དབྱི་ལིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན་ཧན་གྱིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཕཱ་ཁི་སི་ཐན་གྱིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་ལིང་བར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། གཉིས་ཕན་གཉིས་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། 

ཕཱ་ཁི་སི་ཐན་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས་བཅུ་གཅིག་ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། དབྱེ་མུའུ་ལན་ཧན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཕཱ་ཁི་སི་ཐན་དང་དབྱི་ལིང་བར་མཛའ་མཐུན་གྱི་འབྲེལ་བ་ཟབ་མོ་ལྡན་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ལག་རྡང་སྦྲེལ་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཟེར། 

དབྱེ་མུའུ་ལན་ཧན་གྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པ་དེ་ས་ཁུལ་ཧྲིལ་བོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་གཅིག་འབྲེལ་གཅིག་བརྟེན་ལ་ཕན་ཐོགས་ཡོད་པས། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་གནད་དོན་དེར་དམག་དོན་ཐད་ནས་ཐག་གཅོད་བྱེད་ཐབས་མེད་པ་དང་། ཕཱ་ཁི་སི་ཐན་གྱིས་ཨ་ཧྥུའུ་ཧན་མིས་གཙོ་ཁྲིད་བྱེད་པ་དང་ཨ་ཧྥུའུ་ཧན་གྱི་མིར་དབང་བའི་ཨ་ཧྥུའུ་ཧན་གྱི་ཞི་བདེའི་འཕེལ་རིམ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ལ། ཨ་ཧྥུའུ་ཧན་གྱི་ཕྱོགས་ཁག་སོ་སོས་མིག་སྔའི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ། ཨ་ཧྥུའུ་ཧན་གནད་དོན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་པར་རེ་བས་ཁེངས་ཡོད་ཟེར། 

དབྱེ་མུའུ་ལན་ཧན་གྱིས་ད་རུང་ཕཱ་ཁི་སི་ཐན་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཐད་ལག་བསྟར་བྱས་པའི་བྱེད་ཐབས་མཚམས་སྦྱོར་བྱས་པ་དང་། བྱེད་ཐབས་དེ་དག་གིས་ཕཱ་ཁི་སི་ཐན་གྱི་རིམས་ནད་ལ་ཚོད་འཛིན་མངོན་གསལ་ཐོབ་ཡོད་པར་འདོད། 

ཀྲ་ལི་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། དབྱི་ལིང་གིས་ཕཱ་ཁི་སི་ཐན་བར་མཉམ་ལས་ཟབ་མོ་བྱས་ཏེ་ཁྱབ་ཁོངས་སོ་སོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

ཀྲ་ལི་ཧྥུའུ་ཚེས་བཅུ་ཉིན་ཕཱ་ཁི་སི་ཐན་དུ་འབྱོར་ནས་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཚེས་བཅུ་གཅིག་ཉིན་ཀྲ་ལི་ཧྥུའུ་ཡིས་ད་རུང་ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལོས་ཞེ་དང་གྲོས་མོལ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་སྤྱིའི་ལས་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།