ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ལོ་ཀིའི་མཚོ་དམག་གིས་ས་དཀྱིལ་མཚོ་ཁོངས་ནས་དུག་རྫས་ཏུན་གཉིས་ཙམ་རྩད་ཆོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ལོ་ཀིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་དམག་གི་ཁོངས་སུ་གཏོགས་པའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ཉིན་དེའི་སྔ་དྲོར་ས་དཀྱིལ་མཚོ་ཁོངས་ནས་སོ་མཱ་ར་ཛའི་དུག་རྫས་ཏུན་གཉིས་ཙམ་རྩད་ཆོད་ཟེར། 

མའོ་ལོ་ཀིའི་དམག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ལོ་ཀིའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་ས་དཀྱིལ་མཚོ་ཁོངས་ནས་སོ་མཱ་ར་ཛའི་དུག་རྫས་ལྐོག་འདྲེན་བྱེད་པའི་གྲུ་གཟིངས་ཤིག་བཀག་པ་དང་། གྲུ་གཟིངས་སྟེང་ནས་སོ་མཱ་ར་ཛའི་དུག་རྫས་ཏུན་གཉིས་ཙམ་རྙེད་པ་དང་། དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཟེར། 

བསྒྲགས་པ་ལྟར་ན། མཚོ་འགྲམ་ཉེན་སྲུང་རུ་ཁག་གིས་གྱོན་དོན་དེར་འབྲེལ་བའི་གྲུ་གཟིངས་དང་དོགས་ཡོད་མི་སྣ། རྩད་ཆོད་པའི་དུག་རྫས་བཅས་འབྲེལ་ཡོད་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཡོད་པ་དང་། མའོ་ལོ་ཀིའི་ཁྲིམས་འཛིན་སྡེ་ཁག་གིས་གྱོད་དོན་དེར་ཞིབ་ཏུ་རྟོག་དཔྱོད་བྱེད་བཞིན་ཡོད་ཟེར། 

མའོ་ལོ་ཀིའི་ས་ཁུལ་རེ་འགར་ཁྲིམས་འགལ་གྱིས་སོ་མཱ་ར་ཛ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན་པ་དང་། སོ་མཱ་ར་ཛའི་དུག་རྫས་མང་ཆེ་བ་ཡོ་རོབ་གླིང་དུ་ལྐོག་འཚོང་བྱེད་བཞིན་ཡོད། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་སོ་མཱ་ར་ཛའི་འདེབས་འཛུགས་དང་དུག་རྫས་ཉོ་ཚོང་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། ཉིས་སྟོང་བཅུ་དགུའི་ལོ་ཁོ་ནར་སོ་མཱ་ར་ཛའི་དུག་རྫས་ཏུན་བརྒྱ་དང་དོན་དགུ་རྩད་ཆོད་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།