ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ནཱ་ཁཱ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་དུས་བཅད་ལྟར་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་ལ་ཁ་པར་བཏང་སྟེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནས་བབ་དང་མཉམ་ལས་བྱས་ནས་པྲོག་གསར་གློ་ཚད་རིམས་ནས་འགོག་རྒོལ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཕུའུ་ཅིན་དང་ཐའོ་ཁཱ་ཡེ་ཧྥུའུ་གཉིས་ཀྱིས་ཚེས་བཅུ་ཉིན་སྤེལ་བའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཕྱོགས་གཉིས་ཀྱིས་བལྟས་ན། སྔར་ལས་ལྷག་པའི་སྒོ་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་གི་འཕེལ་རྒྱས་དང་མཉམ་ལས་ཐད་སྤེལ་བའི་གྲོས་བསྡུར་དང་བཏོན་པའི་ཆོད་དོན་ལ་དོན་སྙིང་གལ་ཆེན་ལྡན་པར་འདོད། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ནཱ་ཁཱ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱས་པར་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར། ཕྱོགས་གཉིས་ཀྱིས་བལྟས་ན། ཚེས་དགུ་ཉིན་བཀོད་པའི་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱིས་ཕྱོགས་ཡོངས་ནས་དུས་ཡུན་རིང་བོར་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྔོན་འགྲོའི་ཆ་རྐྱེན་བསྐྲུན་དགོས་པར་འདོད། 

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་མཉམ་ལས་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས། དེའི་ནང་ཕྱོགས་གཉིས་ཀྱིས་ཧཱ་སག་སི་ཐན་ནས་མཉམ་འབྲེལ་གྱིས་འགོག་སྨན་ཐོན་སྐྱེད་བྱེད་པའི་འཆར་གཞིའང་འདུས་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།