ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ནཱ་ཁཱ་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་ལ་ཁ་པར་བཏང་སྟེ། ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་དང་སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་གྱིས་ཨེ་ཨར་ཏའོ་ཨན་ལ་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་དགུ་ཉིན་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་གནས་ཚུལ་སྙན་ཞུ་བྱས། ཨེ་ཨར་ཏའོ་ཨན་གྱིས་ཨུ་རུ་སི་ཡིས་འཁྲུག་རྩོད་ལ་འདུམ་འགྲིག་བྱེད་པར་འབད་འབུངས་བྱས་པར་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་ལས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཡོངས་ནས་དུས་ཡུན་རིང་བོར་ཐག་གཅོད་བྱེད་པར་རྨང་གཞི་བཟང་བོ་བཏང་ཡོད་པར་འདོད། 

རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ད་རུང་སི་རི་ཡཱའི་གནས་བབ་དང་པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། ནཱ་ཁཱ་ས་ཁུལ་དུ་ཚེས་བཅུ་ཉིན་གྱི་ཞོགས་པ་ནས་བཟུང་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།