ཀྲུང་གོ་བོད་ཀྱི་དྲ་བ།

པཱ་ཨར་ཀན་ནུབ་མ་དང་པའོ་ལིན་འཕེལ་རིམ་གྱི་མགོ་གཙོའི་གྲོས་ཚོགས་པུར་ཀ་རི་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  པཱ་ཨར་ཀན་ནུབ་མ་དང་པའོ་ལིན་འཕེལ་རིམ་གྱི་མགོ་གཙོའི་གྲོས་ཚོགས་ཚེས་བཅུ་ཉིན་པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས་སྤེལ། གྲོས་ཚོགས་ནས་ཐུན་མོང་ས་ཁོངས་ཚོང་རའི་བསྒྲགས་གཏམ་དང་ལྷད་མེད་གྲོས་རིམ་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་། 

ཉིན་དེའི་གྲོས་ཚོགས་ནི་བརྙན་རིས་ཀྱི་རྣམ་པས་སྤེལ། པུར་ཀ་རི་ཡཱའི་ཙུང་ལི་པའོ་ལི་སོ་ཧྥུའུ་དང་མཱ་ཆི་ཏོན་བྱང་མའི་ཙུང་ལི་ཀྲ་ཨེ་ཧྥུའུ་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་སོགས་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་ཐུན་མོང་ས་ཁོངས་ཚོང་རའི་བསྒྲགས་གཏམ་གཞིར་བཟུང་ནས། པཱ་ཨར་ཀན་ནུབ་མ་ས་ཁུལ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཚོང་རའི་སྒྲིག་སྲོལ་གཅིག་གྱུར་སྲུང་འཛིན་བྱེད་པ་དང་ས་ཁོངས་ཀྱི་མཉམ་ལས་ལ་ཞུགས་ལ་ཞུགས་པར་སྐུལ་འདེད་གཏོང་བ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་གོ་རིམ་གལ་ཆེན་ཞིག་ཡིན་ཞིང་། ཐུན་མོང་ས་ཁོངས་ཚོང་ར་འཛུགས་པའི་དམིགས་ཡུལ་ནི་མི་སྣ་དང་དངོས་ཟོང་། ཞབས་ཞུ། མ་རྩ་བཅས་རང་དབང་འཁོར་རྒྱུག་ལ་བརྟེན་ནས་པཱ་ཨར་ཀན་ནུབ་མ་ས་ཁུལ་གྱི་དཔལ་འབྱོར་ཚོགས་པ་སོ་སོ་མཉམ་དུ་སྦྲེལ་བའི་ཆེད་དུ་རེད། བསྒྲགས་གཏམ་ལས་ད་རུང་ས་ཁོངས་གྲངས་ལྡན་དང་བཟོ་ལས། དངུལ་གཏོང་། གསར་གཏོད་བཅས་ཐད་ཀྱི་གཅིག་འབྲེལ་རང་བཞིན་ལ་ཤུགས་སྣོན་དགོས་པའི་སྐུལ་མ་བཏང་། 

ལྷད་མེད་གྲོས་རིམ་བསྒྲགས་གཏམ་ལྟར་ན། བསྒྲགས་གཏམ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་བྱ་བ་དང་ཡོངས་སུ་མཐུན་པར་བྱེད་དགོས། མ་འོངས་པའི་པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་དག་གིས་གནད་འགག་གི་ས་ཁོངས་ལྔ་ནས་འགུལ་སྐྱོད་སྤེལ་རྒྱུ་རེད། ནམ་ཟླ་དང་ནུས་ཁུངས། འགྲིམ་འགྲུལ་བཅས་དང་། འཁོར་སྐྱོད་དཔལ་འབྱོར། དག་གཙང་མཁའ་དབུགས་དང་ཆུ། ས་གཤིས། ཞིང་ལས་དང་འབྲུ་རིགས་རྒྱུན་མཐུད་ཐོན་སྐྱེད། སྐྱེ་དངོས་སྣ་མང་ཅན་བཅས་རེད། 

པཱ་ཨར་ཀན་ནུབ་མ་དང་པའོ་ལིན་འཕེལ་རིམ་ནི་མའོ་ཁི་ཨར་གྱིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་བརྒྱད་པར་སྤེལ་བའི་ཆབ་སྲིད་ཕྱི་འབྲེལ་གྱི་གྲོས་འདོན་ཅིག་ཡིན་པ་དང་། པཱ་ཨར་ཀན་ནུབ་མའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་དེ་དག་གིས་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་རོགས་རམ་བྱེད་པའི་ཆེད་དུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།