ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་སྐོར་ཐེངས་གསར་བའི་ཆབ་སྲིད་གྲོས་མོལ་ཐུ་ནི་ཞི་ཡཱ་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ལི་པུ་ཡཱའི་སྐོར་ཐེངས་གསར་བའི་ཆབ་སྲིད་གྲོས་མོལ་ཚེས་དགུ་ཉིན་ཐུ་ནི་ཞི་ཡཱའི་རྒྱལ་ས་ཐུ་ནི་ཞི་ཡཱ་ནས་སྤེལ། བསྡོམས་པས་ལི་པུ་ཡཱའི་ཕྱོགས་ཁག་སོ་སོའི་འཐུས་མི་དོན་ལྔ་གྲོས་མོལ་ལ་ཞུགས་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་གྱི་ཚོགས་ཡུན་ཉིན་དྲུག་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཚབ་མ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པའི་འགན་ཁུར་བ་ཝེ་ལེན་མུའུ་སི་དང་ཐུ་ནི་ཞི་ཡཱའི་ཙུང་ཐུང་སེ་དབྱེ་ཏི་ཉིན་དེའི་གྲོས་མོལ་ལ་ཞུགས། 

ཝེ་ལེན་མུའུ་སི་ཡིས་ཚོགས་ཐོག་ནས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་དངོས་གནས་ལས་སླ་མོ་ཞིག་མ་ཡིན་ལ། ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དེའི་སྔོན་བཀོད་པའི་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱིས་ང་ཚོའི་དེ་རིང་གི་མཐུན་སྒྲིལ་ལ་རྨང་བཏིང་ཡོད་ཟེར། ཁོ་མོས་བསྟན་དོན། ཐེངས་འདིའི་གྲོས་མོལ་ལ་ཞུགས་པའི་ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་འབྲེལ་ཡོད་གནད་དོན་ཐད་ནས་གྲོས་མོལ་གཅིག་གྱུར་བྱེད་པའི་ནུས་པ་ལྡན་པ་དང་། མཇུག་མཐར་ཐག་གཅོད་ཇུས་གཞི་འདོན་ཐུབ་པར་ཡིད་ཆེས་ཡོད་ཟེར། 

སེ་དབྱེ་ཏི་ཡིས་ཐེངས་འདིའི་གྲོས་མོལ་གྱི་དམིགས་ཡུལ་ནི་ལི་པུ་ཡཱ་ནས་ཞི་བདེ་མངོན་འགྱུར་བྱེད་པའི་ཆེད་ཡིན་ཟེར། ཁོས་ལི་པུ་ཡཱའི་གནད་དོན་དེ་ལི་པུ་ཡཱའི་མི་ཡིས་ཐག་གཅོད་བྱེད་དགོས་པར་མ་ཟད། ལི་པུ་ཡཱའི་ཕྱོགས་ཁག་སོ་སོའི་བར་གྲོས་མོལ་གཅིག་གྱུར་ཡོང་བ་རྨང་གཞིར་བྱེད་དགོས་པ་བསྐྱར་སྒྲོག་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་གྲོས་མོལ་གྱི་སྤྱིའི་དམིགས་འབེན་ནི་ལི་པུ་ཡཱའི་གཅིག་གྱུར་བཅོས་སྐྱོང་སྒྲོམ་གཞིའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་འགོད་པ་དང་། ལི་པུ་ཡཱའི་བདག་དབང་དང་ལས་ཁུངས་ཀྱི་དམངས་གཙོའི་ཁྲིམས་མཐུན་རང་བཞིན་སླར་གསོ་བྱེད་རྒྱུ་དེ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།