ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་དམག་དཔུང་གིས་འབུམ་དཔོན་རིམ་པའི་རེས་སྐོར་གྲོས་མོལ་ཐེངས་བརྒྱད་པ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས8ཉིན་གསར་འགོད་པས་རྒྱལ་སྲུང་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ11པའི་ཚེས6ཉིན་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་དམག་དཔུང་གིས་ཁྲུའུ་ཧྲུའུ་ལེ་རུ་རེས་སྐོར་བརྒྱད་པའི་འབུམ་དཔོན་རིམ་པའི་གྲོས་མོལ་བྱས། ཕྱོགས་གཉིས་པོས་མུ་མཐུད་དུ་ཀྲུང་གོ་དང་རྒྱ་གར་བར་གྱི་རྒྱལ་མཚམས་ནུབ་མཚམས་ཀྱི་དངོས་སྤྱོད་ཚོད་འཛིན་ལམ་ཐིག་ས་ཁུལ་གྱི་འབྲེལ་གཏུག་དང་ཁ་བྲལ་ནས་ལྷག་བསམ་ཟོལ་མེད་དང་གཏིང་ཟབ། དགེ་མཚན་ལྡན་པའི་སྒོ་ནས་བསམ་འཆར་བརྗེ་རེས་བྱེད་པར་སྐུལ་འདེད་བཏང་བ་རེད།

ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལ་དོན་འཁྱོལ་ནན་ཏན་བྱ་རྒྱུའི་མོས་མཐུན་བྱུང་ཞིང་། ཕྱོགས་གཉིས་པོའི་འཐབ་ཕྱོགས་དང་པོའི་དཔུང་སྡེ་ཡིས་བཟོད་སྒོམ་རྒྱུན་འཁྱོངས་དང་། གོ་ནོར་མི་འབྱུང་བར་འགན་ལེན་བྱ་རྒྱུ། ཕྱོགས་གཉིས་པོས་མུ་མཐུད་དུ་དམག་དོན་དང་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་ནས་འབྲེལ་གཏུག་དམ་ཟབ་བྱ་རྒྱུ། ཐེངས་འདིའི་གྲོས་མོལ་གྱི་རྨང་གཞིའི་ཐོག་སྔར་ལས་ལྷག་པའི་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ། ཕྱོགས་གཉིས་པོས་ཉེ་དུས་སུ་ཐེངས་རྗེས་མའི་རེས་སྐོར་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱུང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།