ཀྲུང་གོ་བོད་ཀྱི་དྲ་བ།

བསྟུད་འགན་ཁུར་བའི་ཐན་ཙན་ནི་ཡཱའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ཡིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཐན་ཙན་ནི་ཡཱའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ཡིས་རྒྱལ་ས་ཏའོ་ཏའོ་མཱ་ནས་སྤེལ་བའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ། 

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། ཐན་ཙན་ནི་ཡཱའི་ཏའོ་ཏའོ་མཱ་ནས་དམག་མིས་དམག་གཟིགས་མཛད་སྒོའི་སྟེང་ཞིབ་བཤེར་དང་ལེན་བྱས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྟུད་འགན་ཁུར་བའི་ཐན་ཙན་ནི་ཡཱའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ཡིས་ཚེས་ལྔ་ཉིན་རྒྱལ་ས་ཏའོ་ཏའོ་མཱ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

མཱ་ཀུའུ་ཧྥུའུ་ལི་ཡིས་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བསྟན་དོན། མུ་མཐུད་དུ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ལ་ཆམ་ཕབ་བཏང་སྟེ། སྔར་ལས་མང་བའི་ལས་ཞུགས་གོ་སྐབས་གསར་བསྐྲུན་བྱས་ནས་དབུལ་ཕོངས་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། 

ཐན་ཙན་ནི་ཡཱའི་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཁྱབ་སྒྲོག་བྱས་དོན། སྲིད་འཛིན་ཏང་གསར་བརྗེ་ཏང་གི་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་མཱ་ཀུའུ་ཧྥུའུ་ལི་ལ་ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་བསྟུད་འགན་ཁུར་ཐུབ་པ་བྱུང་ཡོད་ཟེར། 

ད་ལོར་ལོ་རེ་གཅིག་ཡིན་པའི་མཱ་ཀུའུ་ཧྥུའུ་ལི་ལ་སྲིད་འཛིན་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཅིང་། སྔོན་ཆད་ཐན་ཙན་ནི་ཡཱའི་བཟོ་སྐྲུན་པུའུ་ཀྲང་དང་།  ས་ཞིང་དང་སྡོད་ཁང་ལས་དོན་གྱི་པུའུ་ཀྲང་། ཕྱུགས་ལས་དང་ཉ་གསོ་ལས་རིགས་ཀྱི་པུའུ་ཀྲང་བཅས་ཀྱི་འགན་ཁུར་མྱོང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར་ཐོག་དང་པོར་ཐན་ཙན་ནི་ཡཱའི་ཙུང་ཐུང་དུ་བདམས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།