ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨར་ཏའོ་ཝ་ཡིས་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་སྤེལ་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་རྒྱུ་ཡིན་ཟེར། 

མའོ་ཨར་ཏའོ་ཝ་ཡིས་ཚེས་གཅིག་ཉིན་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ། དཔོན་ཕྱོགས་ཀྱིས་ཁྱབ་སྒྲོག་བྱས་པའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། ད་ལྟའི་ཙུང་ཐུང་ཏའོ་ཏུང་དང་འགུལ་སྐྱོད་དང་མཐུན་སྒྲིལ་ཏང་གི་འདེམ་སྒུག་མི་སྣ་སིང་ཏུའུ་གཉིས་ལ་འདེམ་བསྐོའི་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མང་བོ་ཡིན་ཡང་། ཁོ་གཉི་གའི་སུ་ཡིན་ཡང་ཕྱེད་གྲངས་ཡན་ཐོབ་མེད་པས། མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ལྟར་ན། འདེམ་ཤོག་ཐོབ་པ་ཆེས་མང་བའི་འདེམ་སྒུག་པ་གཉིས་ཀྱིས་གཟའ་འཁོར་གཉིས་ཀྱི་རྗེས་སུ་སྐོར་ཐེངས་གཉིས་པའི་འགྲན་རྩོད་བྱེད་དགོས་པ་དང་། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་འདེམ་ཤོག་མང་བོ་ཐོབ་མཁན་ལ་རྒྱལ་ཁ་ཐོབ་སྲིད། 

མའོ་ཨར་ཏའོ་ཝ་ནི་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོར་རང་བཙན་བྱས་རྗེས། སྔོན་ཆད་ཀྱི་ཙུང་ཐུང་གཉིས་དམངས་ཡོངས་ཀྱིས་ཐད་ཀར་དུ་བདམས་ཐོན་བྱུང་བ་རེད། མའོ་ཨར་ཏའོ་ཝའི་གྲོས་ཁང་གིས་ཉིས་སྟོང་ལོར་རྩ་ཁྲིམས་ལ་བཟོ་བཅོས་བྱས་ཏེ་ཙུང་ཐུང་དེ་གྲོས་ཁང་གིས་འདེམ་བསྐོ་བྱས་ཏེ་བདམས་དགོས་པ་ཐག་བཅད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་གསུམ་པར། མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ཁྲིམས་ཁང་གིས་དམངས་ཡོངས་ཀྱིས་འདེམ་ཤོག་འཕངས་ནས་ཙུང་ཐུང་འདེམ་བསྐོ་བྱེད་པའི་ལམ་ལུགས་སླར་གསོ་བྱེད་རྒྱུ་ཐག་བཅད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།