ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན། རྒྱ་གར་ནུབ་ཕྱོགས་ཀྱི་ཀུའུ་ཅི་ལ་ཐི་པང་གི་འཁལ་འཐག་ཐོན་རྫས་ཀྱི་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་ནས། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་ཕོག་ཡོད།
རྒྱ་གར་སྨྱན་བྱད་ཀྱིས་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ས་གནས་དེའི་དུས་ཚོད་བཅུ་གཅིག་དང་སྐར་མ་སུམ་ཅུ་ཡས་མས་སུ། ཀུའུ་ཅི་ལ་ཐི་པང་གི་ཨེ་ཧ་མེ་ཏ་པ་ཏི་གྲོང་ཁྱེར་གྱི་བཟོ་ལས་གླིང་ཞིག་གི་འཁལ་འཐག་ཐོན་རྫས་ཀྱི་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་། ས་གནས་མང་ཚོགས་ཀྱིས་འགས་གཏོར་གྱི་སྒྲ་ཆེན་པོ་ཐོས་པ་དང་། དེའི་རྗེས་མཛོད་ཁང་མེར་འབར་བ་རེད་ཟེར།
ཁྱབ་བསྒྲགས་ནང་མཐོ་རིམ་ཉེན་རྟོག་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། མཛོད་ཁང་འགྲམ་གྱི་རྫས་འགྱུར་དངོས་རྫས་བཞག་ཡོད་པའི་ཚོང་ཁང་ཞིག་འགས་གཏོར་བྱུང་བ་དང་། དེས་ཉེ་འགྲམ་གྱི་བཟོ་སྐྲུན་ལ་ཤུགས་རྐྱེན་ཐེབས་པ་རེད། མིག་སྔར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་མང་པོར་རྨས་ཕོག་ཡོད། རྨས་པ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
མེ་སྐྱོན་བྱུང་རྗེས། མེ་གསོད་མི་སྣ་དང་མྱུར་སྐྱོབ་མི་སྣ་ཡུལ་དངོས་སུ་སོང་ནས་མེ་སྐྱོན་ཚོད་འཛིན་བྱས་པར་མ་ཟད། གྱང་རོའི་ཁྲོད་ནས་མི་བཅུ་ལྷག་བསྐྱབས་པ་རེད།
རྒྱ་གར་གྱི་ཙུང་ཐུང་མའོ་ཏི་དང་ཀུའུ་ཅི་ལ་ཐི་པང་གི་དབུ་བཞུགས་པུའུ་ཀྲང་ལུའུ་ཕ་ཉི་གཉིས་ཀྱིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། འདས་པོ་རྣམས་ལ་མྱ་ངན་ཞུས་པར་མ་ཟད། འདས་པོའི་ཁྱིམ་མི་ལ་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་དམ་བཅས།
རྒྱ་གར་དུ་སྐབས་འགར་མེ་སྐྱོན་འབྱུང་བཞིན་ཡོད་པ་དང་། དེའི་ནང་གི་མང་ཆེ་བ་ནི་མེ་འགོད་བདེ་འཇགས་ཐད་ཀྱི་གཏན་ཁེལ་དོ་སྣང་མ་བྱས་པ་དང་། འབར་སླའི་དངོས་རྫས་གང་འདོད་དུ་བཞག་པ་ལས་བྱུང་བ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྒྱ་གར་ནུབ་ཕྱོགས་ཀྱི་མཛོད་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།