ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་ལྷོ་ཕྱོགས་ས་ཁུལ་གྱི་འགུལ་སྐྱོད་ཅིག་གི་ཁྲོད་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་གཅིག་བསད་པ་དང་། དེའི་ནང་མཐོ་རིམ་མགོ་བ་ཞིག་འདུས་ཡོད་ཟེར། 

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཨ་པུའུ་ཏུའུ་ལཱ་ཞེ་ཡིས་གསར་འགོད་པར་བཤད་རྒྱུར། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཞེ་པེ་ལེ་ཞོལ་མ་ཀྲིག་གི་སཱ་པུའུ་ལཱ་ལའེ་གྲོང་རྡལ་དུ་འགུལ་སྐྱོད་སྤེལ་སྐབས་ན་གཞོན་ཏང་གི་ཀྲུའུ་པཱ་ས་ཁུལ་གྱི་མགོ་བ་མུའུ་ཨ་ཏི་ཏི་ལོས་བསད་པ་དང་། གཞན་ཡང་དེའི་རྗེས་འདེད་མི་སྣ་བཅུ་བསད་ཡོད་ཟེར། སྲིད་གཞུང་དམག་དཔུང་ཕྱོགས་ཀྱི་མི་སྣའི་ཤི་རྨས་གནས་ཚུལ་བསྒྲགས་མེད། 

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་སྤེལ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།