ཀྲུང་གོ་བོད་ཀྱི་དྲ་བ།

མའོ་ཨར་ཏའོ་ཝ་ཡིས་ཙུང་ཐུང་འདེམ་བསྐོའི་ཐོག་མའི་མཇུག་འབྲས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མའོ་ཨར་ཏའོ་ཝའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་པའི་ཐོག་མའི་མཇུག་འབྲས་ལྟར་ན། ཉིན་དེར་སྤེལ་བའི་ཙུང་ཐུང་གི་འདེམ་བསྐོའི་ཁྲོད། ད་ལྟའི་ཙུང་ཐུང་ཏའོ་ཏུང་དང་འགུལ་སྐྱོད་དང་མཐུན་སྒྲིལ་ཏང་གི་འདེམ་སྒུག་མི་སྣ་སིང་ཏུའུ་གཉིས་ལ་འདེམ་ཤོག་ཐོབ་ཚད་ཆེས་མང་ཡང་། གང་ཡིན་ཡང་ཕྱེད་གྲངས་ལས་བརྒལ་མེད་པས་ཁོ་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས། 

མའོ་ཨར་ཏའོ་ཝའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ས་ཁོངས་རང་གི་བརྒྱ་ཆའི་གོ་གཅིག་དང་གྲངས་ཆུང་གསུམ་གྱི་འདེམ་ཤོག་མཇུག་འབྲས་སྤྱི་བསྡོམས་བྱས་རྗེས་བསྟན་དོན། ཏའོ་ཏུང་དང་སིང་ཏུའུ་གཉིས་ལ་སོ་སོར་བརྒྱ་ཆའི་སོ་ལྔ་དང་གྲངས་ཆུང་བརྒྱད་གཉིས་དང་། བརྒྱ་ཆའི་སོ་གཉིས་དང་གྲངས་ཆུང་གཉིས་གསུམ་གྱི་འདེམ་ཤོག་ཐོབ་ནས་འདེམ་སྒུག་མི་སྣ་གཞན་པ་དྲུག་ལས་མང་ཟེར། 

མའོ་ཨར་ཏའོ་ཝའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གི་འདེམ་བསྐོ་དེ་འདེམ་ཤོག་འཕངས་པའི་འདེམ་དམངས་ཀྱི་སྤྱི་གྲངས་སུམ་ཆའི་གཅིག་ལས་བརྒལ་བའི་གནས་ཚུལ་འོག་ད་གཟོད་ནུས་ལྡན་དུ་འགྱུར་སྲིད་པ་དང་། ཕྱེད་གྲངས་ཡན་གྱི་འདེམ་ཤོག་ཐོབ་པའི་འདེམ་སྒུག་མི་སྣ་ཐད་ཀར་དུ་གདམ་ཆོག་པ་རེད། གལ་ཏེ་འདེམ་སྒུག་མི་སྣའི་ཁྲོད་ནས་ཐད་ཀར་བདམས་ཐོན་མ་བྱུང་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་མི་སྣ་གཉིས་གཟའ་འཁོར་གཉིས་ཀྱི་རྗེས་སུ་ཡང་བསྐྱར་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་དགོས། 

མའོ་ཨར་ཏའོ་ཝ་ཡིས་ཚེས་གཅིག་ཉིན་ལོ་བཞིའི་ནང་ཐེངས་རེར་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། འདེམ་ཤོག་འཕེན་པའི་བྱ་བ་དེ་དགོང་མོའི་དུས་ཚོད་དགུའི་སྟེང་མཇུག་སྒྲིལ་བ་རེད། གཞི་གྲངས་ལྟར་ན། ཐེངས་འདིའི་འདེམ་བསྐོ་ལས་བསྡོམས་པས་ས་ཁོངས་རང་དུ་འདེམ་ཤོག་འཕེན་ས་སྟོང་གཉིས་དང་བརྒྱ་ཞེ་གསུམ་བཀོད་སྒྲིག་བྱས་ཡོད་པ་དང་། ཕྱི་རྒྱལ་དུ་འདེམ་ཤོག་འཕེན་ས་བརྒྱ་དང་སོ་དགུ་བཀོད་སྒྲིག་བྱས་ཡོད། འདེམ་དམངས་ས་ཡ་གཅིག་དང་འབུམ་གཉིས་ཁྲི་གཅིག་སྟོང་བཞི་ལྷག་འདེམ་བསྐོའི་བྱ་འགུལ་ལ་ཞུགས་པ་དང་། འདེམ་ཤོག་འཕངས་པའི་ཚད་བརྒྱ་ཆའི་ཞེ་གཉིས་དང་གྲངས་ཆུང་བདུན་དྲུག་རེད། དུས་ཚོད་ཀྱི་ཁྱད་པར་དབང་གིས་ཕྱི་རྒྱལ་གྱི་འདེམ་ཤོག་འཕེན་ས་རེ་འགའི་འདེམ་ཤོག་འཕེན་པའི་བྱ་བ་ད་རུང་མཇུག་སྒྲིལ་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།