ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སྡོད་ཁུལ་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ནི་འཛམ་གླིང་གྲོང་ཁྱེར་ཉིན་མོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། ད་ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོ་ལས་འཛམ་གླིང་ཡོངས་ཀྱི་གཞི་རིམ་སྡོད་ཁུལ་གྱི་སྤྱིར་བཏང་མིན་པའི་བྱས་རྗེས་མངོན་པར་མཚོན་ཡོད་ལ། རྒྱལ་ཁབ་སོ་སོས་སྡོད་ཁུལ་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྲོག་ཤིང་གོ་གནས་སུ་འཇོག་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། འཛམ་གླིང་ཡོངས་སུ་བརྒྱ་ཆའི་ང་ལྔའི་མི་གྲངས་གྲོང་ཁྱེར་ས་ཁུལ་དུ་འཚོ་སྡོད་བྱེད་བཞིན་ཡོད་ཅིང་། ཚོད་དཔག་བྱས་ན་ཁ་གྲངས་དེ་ཉིས་སྟོང་ལྔ་བཅུ་ལོའི་བར་བརྒྱ་ཆའི་རེ་བརྒྱད་དུ་འཕར་སྣོན་འབྱུང་སྲིད། གྲོང་ཁྱེར་དག་ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ཁྲོད་གཙོ་བོར་གྱུར་ཡོད་པ་དང་། སྡོད་ཁུལ་གྱི་རིན་ཐང་ལ་རིམས་ནད་འགོག་རྒོལ་སྐབས་སུ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གནད་སར་གྱུར་ཡོད་ཟེར། 

ཁོས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ལས་མ་གཞིའི་སྤྱི་བའི་འཕྲོད་བསྟེན་དང་རྒྱབ་སྐྱོར་ཞབས་ཞུའི་མ་ལག་ལ་གནོད་པ་ཆེན་པོ་ཐེབས་ཡོད། ཐེངས་འདིའི་རིམས་ནད་འོག སྡོད་ཁུལ་གྱིས་རྩ་འཛུགས་བྱས་ཏེ་རང་སྟེང་གི་བདེ་འཇགས་དང་འཁོར་རྒྱུག་ལ་སྲུང་སྐྱོབ་བྱས་པའི་ཞོར་དུ་སྲིད་གཞུང་བར་རོགས་ལས་ཟབ་མོ་བྱས་ནས། སྲིད་གཞུང་གིས་རིམས་འགོག་བྱེད་ཐབས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། སྡོད་ཁུལ་དེ་སྲིད་ཇུས་ཀྱི་གཏན་འབེབས་བརྒྱུད་རིམ་ནང་ཞུགས་པ་དང་། ནོར་སྲིད་ཐོན་ཁུངས་ཐོབ་ཆེད་འགན་དབང་ཇེ་དྲག་ཏུ་བཏང་ན། གྲོང་ཁྱེར་འཕེལ་རྒྱས་ལ་བཟོད་སྒོམ་རང་བཞིན་དང་ཡུན་རིང་གི་གྲུབ་འབྲས་ཐོབ་པར་བྱེད་ཐུབ་ཟེར། 

ཉིས་སྟོང་བཅུ་གསུམ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་དེ་འཛམ་གླིང་གྲོང་ཁྱེར་ཉིན་མོར་གཏན་འཁེལ་བྱས། ད་ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་བརྗོད་སྙིང་གཙོ་བོ་ནི་སྡོད་ཁུལ་དང་གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་གཏོང་དགོས་ཞེས་པ་དེ་རེད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།