ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་མེ་ནི་ཡཱ་ཡིས་ཨུ་རུ་སིའི་བར་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་པར་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞེ་ནེ་དབྱང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་འཕྲིན་ཡིག་བཏང་སྟེ། ཨུ་རུ་སི་ཡིས་མྱུར་དུ་ཨེ་མེ་ནི་ཡཱ་ལ་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། གལ་ཏེ་འཐབ་འཁྲུག་དང་འཁྲུག་རྩོད་དེ་ཨེ་མེ་ནི་ཡཱའི་མངའ་ཁོངས་སུ་བྱུང་ན། ཨུ་རུ་སིའི་ཕྱོགས་ཀྱིས་དགོས་ངེས་ཀྱི་རོགས་རམ་གང་རུང་འདོན་སྤྲོད་བྱེད་ངེས་ཡིན་ཟེར། 

ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། ཕཱ་ཞེ་ནེ་དབྱང་གིས་ཉིན་དེར་ཕུའུ་ཅིན་ལ་འཕྲིན་ཡིག་བཏང་སྟེ། མིག་སྔའི་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་གནས་བབ་དང་དེ་ལས་བྱུང་བའི་ཨེ་མེ་ནི་ཡཱའི་བདེ་འཇགས་འགྲན་རྩོད་རྒྱས་བཤད་བྱས་པ་དང་། ཨུ་རུ་སི་ཡིས་མྱུར་དུ་ཨེ་མེ་ནི་ཡཱ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་རོགས་རམ་འདོན་སྤྲོད་བྱེད་པའི་ཐད་ནས་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་ཡིས་རྒྱལ་ཁབ་གཉིས་ཀྱི་མནའ་མཐུན་གྲོགས་པོའི་འོས་འགན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ། ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་སླར་གསོ་བྱས་ནས་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་རྨང་གཞིའི་སྟེང་ཞི་བའི་སྒོ་ནས་འཁྲུག་རྩོད་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།