ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་གྱིས་ཨ་མེ་རི་ཁའི་བར་རྒྱལ་ཁབ་བདག་དབང་སླར་གསོ་བྱེད་པའི་གྲོས་མཐུན་བཀོད་པའི་ཚུལ་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། སུའུ་ཏན་ཁྲིམས་འཛིན་པུའུ་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། སུའུ་ཏན་གྱིས་ཨ་མེ་རི་ཁའི་བར་སུའུ་ཏན་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱེད་པའི་ཕྱོགས་གཉིས་ཀྱི་གྲོས་མཐུན་བཀོད་ཡོད་ཟེར། 

སུའུ་ཏན་ཁྲིམས་འཛིན་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཨ་མེ་རི་ཁའི་སྲིད་གཞུང་བར་ཕྱོགས་གཉིས་ཀྱི་གྲོས་མཐུན་བཀོད་དེ། ཨ་མེ་རི་ཁའི་ཁྲིམས་ཁང་གིས་བཏོན་པའི་སུའུ་ཏན་ལ་དམིགས་པའི་འབྲེལ་ཡོད་གྱོད་དོན་ཐག་གཅོད་བྱས་པ་དང་། དེའི་ནང་ཁུན་ནེ་ཡཱ་དང་ཐན་ཙན་ནི་ཡཱ་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་ལ་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་རླངས་འཁོར་འགས་གཏོར་འཇབ་རྒོལ་ཐེབས་པའི་གྱོད་དོན་འདུས་ཡོད་ཟེར། 

སུའུ་ཏན་ཁྲིམས་འཛིན་པུའུ་ཡིས་བསྟན་དོན། གྲོས་མཐུན་དེ་ལས་སུའུ་ཏན་གྱི་རྒྱལ་ཁབ་བདག་དབང་སླར་གསོ་བྱེད་པ་གཏན་འཁེལ་གསལ་བོ་བྱས་ཡོད་པ་དང་། སུའུ་ཏན་གྱིས་ཨ་མེ་རི་ཁའི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་མེད་པའི་རྒྱལ་ཁབ་གཞན་པ་དག་དང་འདྲ་བའི་བཅའ་ཁྲིམས་ཀྱི་གོ་གནས་ལོངས་སུ་སྤྱད་ཆོག་པ་ཡིན། གྲོས་མཐུན་དེ་ནི་སུའུ་ཏན་དང་ཨ་མེ་རི་ཁས་ལོ་གཅིག་ལྷག་གི་རིང་བསྟུད་མར་གྲོས་མོལ་བྱས་པའི་མཇུག་འབྲས་ཡིན་ཟེར། 

གྲོས་མཐུན་ལྟར་ན། སུའུ་ཏན་གྱིས་མེ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་ལྔ་བཅོལ་གདམ་རྩིས་ཐོའི་ནང་འཇོག་པ་དང་། ཨ་མེ་རི་ཁས་སུའུ་ཏན་རྒྱལ་ཁབ་དེ་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་མིང་ཐོའི་ནང་ནས་ཕྱིར་ལེན་པའི་ལས་རིམ་དང་སུའུ་ཏན་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་བྱེད་པའི་ལས་རིམ་ལག་བསྟར་བྱེད་པའི་སྐབས་སུ་ཨ་མེ་རི་ཁར་མ་དངུལ་དེ་རྩིས་སྤྲོད་བྱེད་པར་འཐད་པ་བྱུང་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།