ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧྥ་རན་སིའི་ནེ་སི་གྲོང་ཁྱེར་ནས་བྱུང་བའི་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་དཔལ་ཡོན་མནའ་འབྲེལ་གྱི་མཐོ་རིམ་འཐུས་མི་མའོ་ལཱ་ཏིས་ནོའུ་སི་གཉིས་ཀྱིས་སོ་སོར་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སོ་སོར་གསལ་སྒྲོག་སྤེལ་ཏེ། ཉིན་དེར་ཧྥ་རན་སིའི་ཤར་ལྷོའི་ཕྱོགས་ཀྱི་ནེ་སི་གྲོང་ཁྱེར་གྱི་ཆོས་ཁང་ཞིག་གི་ཕྱི་རོལ་ནས་བྱུང་བའི་གྲི་བཟུང་ནས་འཇབ་རྒོལ་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་། 

ཀུའུ་ཐི་ལོས་སི་ཡིས་ཁོའི་མགྲིན་ཚབ་པ་བརྒྱུད་དེ་སྤེལ་བའི་གསལ་སྒྲོག་ནང་དུ་གནོད་ཐེབས་མཁན་གྱི་ཁྱིམ་མིར་འཚམས་འདྲི་བྱས་ཡོད་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧྥ་རན་སིའི་མི་དམངས་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས་ཡོད་ཟེར། 

མའོ་ལཱ་ཏིས་ནོའུ་སི་ཡིས་ཐ་ཤལ་གྱི་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་གང་ཡིན་ཡང་ཡུལ་དུས་གང་ཡིན་པ་དང་ལག་བསྟར་བྱེད་མཁན་སུ་ཡིན་ཡང་། དག་འབུད་བྱེད་ཐབས་མེད་ལ་བཟོད་སྒོམ་བྱེད་མི་རུང་ཟེར། མའོ་ལཱ་ཏིས་ནོའུ་སི་ཡིས་ད་རུང་བཤད་རྒྱུར། ཡ་ང་བའི་ཉེས་སྤྱོད་དེ་རིགས་ཀྱིས་མིའི་རིགས་ཀྱིས་འཛམ་གླིང་ཡོངས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཞི་བདེ་འཚོལ་བསྙེག་བྱེད་པར་བཀག་འགོག་བྱེད་མི་རུང་ཟེར། 

ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སྐྱེས་པ་ཞིག་གིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ནེ་སི་གྲོང་ཁྱེར་གྱི་རྒྱལ་ཡུམ་ཆོས་ཁང་ཆེན་མོའི་ཉེ་འདབས་ནས་གྲི་བཟུང་སྟེ་མི་གཞན་པར་འཇབ་རྒོལ་བྱས་པ་དང་། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད་ཟེར། འཇབ་རྒོལ་མཁན་དེའི་རྗེས་སུ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཧྥ་རན་སིའི་རྒྱལ་ཁབ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཞིབ་དཔྱོད་ཁང་གིས་གྱོད་དོན་དེ་དང་ལེན་བྱས་ཡོད་པ་དང་། འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་འབྲེལ་བ་ཡོད་པའི་དམར་གསོད་དང་ལྐོག་གསོད་གཡོ་ཇུས་ཀྱི་ཉེས་མིང་གིས་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།