ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཆིན་མཚོ་ཁོངས་སུ་ས་འགུལ་བྱུང་སྟེ་ཐུར་ཁེ་ནས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཐུར་ཁེའི་ནུབ་ཕྱོགས་ཀྱི་ཨེ་ཆིན་མཚོ་ཁོངས་སུ་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་སྟེ། ཐུར་ཁེ་ནས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགར་རྨས་ཕོག་ཡོད་ཟེར། 

ཐུར་ཁེའི་གནོད་འཚེ་དང་འཕྲལ་སྒྲུབ་དོ་དམ་སྡེ་ཁག་གིས་བཤད་རྒྱུར། ས་འགུལ་དེ་ཐུར་ཁེའི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ང་གཅིག་སྟེང་བྱུང་བ་དང་། ཚད་རིམ་དྲུག་དང་གྲངས་ཆུང་དྲུག་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་དྲུག་ལྷག་རེད་ཟེར། 

ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དབྱེ་ཙི་མུས་ཨར་ཞིང་ཆེན་དང་ཉེ་འཁོར་ས་ཁུལ་དུ་ས་འགུལ་གྱི་ཚོར་སྣང་ཡོད་ཟེར། ཐུར་ཁེའི་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱེ་ཙི་མུས་ཨར་ཞིང་ཆེན་དུ་ཁང་བ་བཅུ་ཕྲག་ལྷག་ལ་རྡིབ་སྐྱོན་བྱུང་ཡོད་ཟེར། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་བཤད་རྒྱུར། ས་འགུལ་དེ་ལས་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་སོ་བརྒྱད་ལ་རྨས་ཕོག་ཡོད་ཟེར། 

དབྱེ་ཙི་མུས་ཨར་ཞིང་ཆེན་གྱི་ཧྲིན་ཀྲང་ཁི་སི་ཀི་ཨར་གྱིས་བསྟན་དོན། རྒུད་སྐྱོབ་མི་སྣས་ཁང་བའི་ཞིག་རོའི་ཁྲོད་ནས་མི་བདུན་ཅུ་ལྷག་བསྐྱབས་ཡོད་པ་དང་། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར། 

གཞན་ཡང་ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་འགུལ་བརྡ་འཕྲིན་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་འགུལ་གྱི་ཚད་རིམ་བདུན་ཡིན་པ་དང་། ས་འགུལ་བྱུང་ས་གཙོ་བོ་དེ་ཞི་ལཱའི་སཱ་མའོ་སི་གླིང་ཕྲན་གྱི་ཁཱ་ལོ་ཝ་ཞི་ཝུན་སྲང་ལམ་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ་བཅུ་བཞིའི་མཚམས་སུ་ཡིན་ལ། ས་འགུལ་གྱི་གཏིང་ཚད་ལ་སྤྱི་ལེ་ཉེར་གཅིག་རེད་ཟེར། 

ཞི་ལཱ་ཕྱོགས་ཀྱིས་ཚེས་སུམ་ཅུ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨེ་ཆིན་མཚོ་ཁོངས་ཤར་ངོས་ཀྱི་སཱ་མའོ་སི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁུངས་སུ་ཚད་རིམ་དྲུག་དང་གྲངས་ཆུང་དྲུག་གི་ས་འགུལ་བྱུང་བ་དང་། ཞི་ལཱའི་རྒྱལ་ས་ཡཱ་ཏེན་སོགས་སུ་ས་འགུལ་གྱི་ཚོར་སྣང་མངོན་གསལ་ཡོད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།