ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་སྲིད་གཞུང་གིས་པ་ཞི་ལ་རོགས་སྐྱོར་བྱས་པའི་སྐོར་གསུམ་པའི་རིམས་འགོག་དངོས་རྫས་སྤྲོད་ལེན་མཛད་སྒོ་པ་ཞི་ལི་ཡ་རུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས28ཉིན། ཀྲུང་གོ་སྲིད་གཞུང་གིས་པ་ཞི་ལ་རོགས་སྐྱོར་བྱས་པའི་སྐོར་གསུམ་པའི་རིམས་འགོག་དངོས་རྫས་སྤྲོད་ལེན་མཛད་སྒོ་པ་ཞི་ལི་ཡ་རུ་བསྡུས། སྐོར་དེའི་སྤྱིའི་རིན་གོང་མི་དམངས་ཤོག་སྒོར་ས་ཡ་གཉིས་དང་འབུམ་དགུ་ཁྲི་གསུམ་ཡོད་པའི་སྨན་བཅོས་མཁོ་ཆས་དེ་དག་པ་ཞི་ལི་ཡའི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་བྱིན་ནས་རིམས་ནད་འགོག་བཅོས་ཐད་བཀོལ་རྒྱུ་རེད། པ་ཞི་ན་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་དབྱང་ཝུན་མེན་དང་པ་ཞི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་དམག་དཔོན་གཞོན་པ་པུའུ་ལི་ཐུའོ་སོགས་ཕྱོགས་གཉིས་ཀྱི་འཐུས་མི་ཚོགས་འདུར་ཞུགས།

དབྱང་ཝུན་མེན་གྱིས་བཤད་དོན། པ་ཞི་ལི་ཡ་ནི་པ་ཞིའི་ཆབ་སྲིད་ལྟེ་གནས་ཡིན་ལ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་བྱེད་པའི་ས་ཁུལ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཁུལ་དང་མཉམ་དུ། རིམས་ནད་ཀྱི་གནས་ཚུལ་འོག་དང་རིམས་ནད་བྱུང་རྗེས་ཀྱི་ས་གནས་འགྲོ་འོང་དང་དངོས་གཉེར་མཉམ་ལས་ལ་འཆར་འགོད་ཡག་པོ་བྱས་ནས་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། རྨང་གཞིའི་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

པུའུ་ལི་ཐུའོ་ཡིས་པ་ཞི་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་ཀྲུང་གོ་སྲིད་གཞུང་དང་། ཁེ་ལས། དེ་བཞིན་ལས་རིགས་ཁག་བཅས་ཀྱིས་དངོས་རྫས་རོགས་སྐྱོར་འདོན་སྤྲོད་དང་རིགས་ཁག་གི་རིམས་ནད་འགོག་སེལ་ལ་རྒྱབ་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བར་མ་ཟད། ཀྲུང་གོ་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཆེད་ལས་ནུས་པ་ཆེ་ཞིང་མི་དམངས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་རིམས་འགོག་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་ང་ཚོས་ཡིད་སྨོན་བྱེད་ཀྱིན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།