ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་གིས་རིམས་ནད་འགོག་བཅོས་བྱེད་པའི་ཞོར་དུ་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་བརྒྱད་ཉིན་རྒྱལ་ཚོགས་ནས་ཉིས་སྟོང་ཉེར་གཅིག་ལོའི་སྲིད་གཞུང་གི་སྔོན་རྩིས་ཇུས་གཞིའི་ཐད་ནས་གཏམ་བཤད་སྤེལ། ཁོས་བསྟན་དོན། མིག་སྔར་ཧན་གོའི་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་ཀྱིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་གཏོང་བའི་བྱ་བ་བསྒྲུབས་ཏེ། ཧན་གོའི་དཔལ་འབྱོར་གསོན་ཤུགས་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ད་ལོའི་དུས་ཚིགས་གསུམ་པར་ཧན་གོའི་དཔལ་འབྱོར་འཕར་སྣོན་མེད་པའི་གནས་བབ་ལས་ཐར་ཡོད་ཀྱང་། ཟླ་བརྒྱད་པར་པྲོག་གསར་གློ་ཚད་རིམས་ནད་ཡང་བསྐྱར་བྱུང་སྟབས་འཕར་སྣོན་ཆེན་པོ་བྱུང་མེད། རིམས་ནད་འགོག་བཅོས་གནས་བབ་ཞི་འཇགས་སུ་སོང་བ་དང་བསྟུན་ནས་སྲིད་གཞུང་གིས་ཕྱོགས་ཡོངས་ནས་དཔལ་འབྱོར་དར་སྤེལ་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ། སང་ལོ་ནས་བཟུང་ཧན་གོའི་དཔལ་འབྱོར་དེ་ཡང་བསྐྱར་རྒྱུན་ལྡན་དུ་འགྱུར་བར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། 

ཝུན་ཙེ་ཡུན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོའི་སྲིད་གཞུང་གི་ལས་འགན་གཙོ་བོ་ནི་དཔལ་འབྱོར་འཕར་སྣོན་མྱུར་དུ་སླར་གསོ་བྱེད་པ་དང་རིམས་ནད་ཀྱི་གནོད་པ་ལས་ཐར་བར་བྱེད་རྒྱུ་དེ་ཡིན། སང་ལོའི་སྔོན་རྩིས་མ་དངུལ་དེ་ཐོག་མར་ད་ཡོད་ཀྱི་ལས་གནས་དང་གསར་གཏོད་བྱ་བ་སྲུང་འཛིན་བྱེད་པའི་ཐད་བཀོལ་རྒྱུ་ཡིན། དེ་ལས་གཞན་སྲིད་གཞུང་གིས་ད་རུང་འཛད་སྤྱོད་སྐུལ་སྤེལ་དང་དངུལ་གཏོང་གསོན་ཤུགས་མཐོར་འདེགས། ཕྱོགས་ཡོངས་ནས་ཕྱིར་གཏོང་སླར་གསོ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་་དཔལ་འབྱོར་སླར་གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།