ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་འཐུས་མི་ཡིས་ཆབ་སྲིད་ལ་བརྟེན་ནས་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་ཀྲུང་གོའི་འཐུས་མི་གཞོན་པ་ཏའེ་པེན་གྱིས་ཚེས་ཉེར་གཉིས་ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་པུའུ་ཡེ་དབྱིའི་གནད་དོན་ལ་གྲོས་ཞིབ་བྱེད་པའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཤིང་། ཆབ་སྲིད་ལ་བརྟེན་ནས་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཏའེ་པེན་གྱིས་བསྟན་དོན། ཆབ་སྲིད་ལ་བརྟེན་ནས་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་བྱེད་པ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཐུན་མོང་གི་ལྟ་ཚུལ་ཡིན་པ་དང་། སུའུ་ཏན་དང་སུའུ་ཏན་ལྷོ་མ་ཡིས་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་ཇུས་གཞིར་གྲོས་མཐུན་འགོད་དགོས། སུའུ་ཏན་དང་སུའུ་ཏན་ལྷོ་མར་ཨ་པུའུ་ཡེ་དབྱིའི་གནད་དོན་ཐག་གཅོད་བྱེད་པའི་སེམས་འདུན་དྲག་པོ་ཡོད་པ་དང་། རང་རང་གིས་ཨ་པུའུ་ཡེ་དབྱིའི་གནད་དོན་གྱི་སྲིད་འཛིན་དཔོན་པོ་བསྐོ་འཇོག་བྱས་ཡོད། དོན་དེར་ཀྲུང་གོའི་ཕྱོགས་ཀྱིས་ཁས་ལེན་གང་ལེགས་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་དང་སུའུ་ཏན་ལྷོ་མའི་ཨ་པུའུ་ཡེ་དབྱིའི་གནད་དོན་གྱི་བདག་དབང་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་ཤུགས་སྣོན་བྱེད་པ་དང་ཐད་ཀར་གྲོས་མོལ་སྤེལ་བར་སྐུལ་མ་བཏང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་བར་གྱི་འཕེལ་རྒྱས་རྩ་འཛུགས་སོགས་ས་ཁོངས་དང་ས་ཁོངས་ཕལ་བའི་རྩ་འཛུགས་ཀྱིས་བར་འདུམ་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་ལ། སུའུ་ཏན་དང་སུའུ་ཏན་ལྷོ་མའི་ཨ་པུའུ་ཡེ་དབྱི་ས་ཁུལ་དུ་མཉམ་ལས་བྱས་ཏེ་སྲིད་འཛིན་དང་ཁྲིམས་འཛིན། བདེ་སྲུང་སོགས་ལས་ཁུངས་འཛུགས་པར་རོགས་རམ་བྱེད་དགོས་ཟེར། 

ཨ་པུའུ་ཡེ་དབྱི་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་གཅིག་ཙམ་ཡོད་པ་དང་། སུའུ་ཏན་དང་སུའུ་ཏན་ལྷོ་མའི་བར་གྱི་རྩོད་གཞིར་གྱུར་བའི་ས་ཁུལ་ཞིག་ཡིན། ཉིས་སྟོང་བཅུ་གཅིག་ལོའི་ཟླ་དྲུག་པར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་བདེ་འཇགས་དམག་དཔུང་འཛུགས་པའི་ཆོད་དོན་སྤེལ་ནས། སུའུ་ཏན་དང་སུའུ་ཏན་ལྷོ་མས་ཨ་པུའུ་ཡེ་དབྱི་ས་ཁུལ་ནས་སོ་སོར་རང་རང་གི་དམག་དཔུང་ཕྱིར་འཐེན་བྱེད་པར་ལྟ་རྟོག་བྱེད་པའི་འགན་ཁུར་དུ་བཅུག །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།