ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་གོའི་མན་ཀུའུ་གྲོང་ཁྱེར་ཉེ་འདབས་སུ་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ཞིག་ལ་འགས་གཏོར་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐེ་གོའི་རྒྱལ་ས་མན་ཀུའུ་གྲོང་ཁྱེར་ཉེ་འདབས་ཀྱི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ཞིག་ལ་ཚེས་ཉེར་གཉིས་ཉིན་འགས་གཏོར་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་བརྒྱད་ལ་རྨས་ཕོག་ཟེར། 

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོར། མན་ཀུའུ་ཤར་ངོས་ཀྱི་པང་པའོ་ས་ཁུལ་གྱི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ཞིག་ལ་གློ་བུར་དུ་འགས་གཏོར་བྱུང་སྟེ་མེ་སྐྱོན་ཆེན་པོ་བྱུང་། མི་གཅིག་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག་ཡོད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་གཉིས་ལ་གསོ་བཅོས་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་ཁང་ཤར་བཅུ་ཕྲག་འགའ་དང་རླངས་འཁོར་ཉི་ཤུ་ལྷག་ལ་གཏོར་བརླག་ཐེབས་ཡོད་པ་དང་། དུས་ཚོད་གཅིག་ལྷག་གི་རྗེས་སུ་མེ་གསོད་ཐུབ་པ་བྱུང་ཟེར། 

ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འགས་གཏོར་དེ་ནི་ས་སློག་འཕྲུལ་ཆས་ཀྱིས་ཆོག་མཆན་མ་ཐོབ་པར་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ཡོད་སའི་ཉེ་འདབས་སུ་ས་བརྐོ་རྡོ་སློག་བྱས་པ་ལས་བྱུང་བ་ཡིན་སྲིད་པ་དང་། བྱེ་བྲག་གི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱེད་པའི་སྒང་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།