ཀྲུང་གོ་བོད་ཀྱི་དྲ་བ།

ཁམ་ཕུ་ཀྲེ་རུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་སོ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས21ཉིན། ཁམ་ཕུ་ཀྲེའི་པན་ཐིས་མེན་ཅི་ཞིང་ཆེན་གྱི་གནོད་ཐེབས་མང་ཚོགས་འགའ་མྱུར་སྐྱོབ་གྲུ་གཟིངས་ལ་བསྡད་དེ་འགྲོ་བཞིན་པ། 

2.jpg

ཟླ10བའི་ཚེས21ཉིན། ཁམ་ཕུ་ཀྲེའི་པན་ཐིས་མེན་ཅི་ཞིང་ཆེན་གྱི་གནོད་ཐེབས་མང་ཚོགས་ཀྱིས་འཚམས་འདྲིའི་དངོས་རྫས་ལེན་བཞིན་པ།

3.jpg

ཟླ10བའི་ཚེས21ཉིན། ཁམ་ཕུ་ཀྲེའི་པན་ཐིས་མེན་ཅི་ཞིང་ཆེན་ནས། ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲིའི་དངོས་རྫས་སྟེར་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་ཚེས་ཉེར་གཅིག་ཉིན་ཁམ་ཕུ་ཀྲེའི་ནུབ་བྱང་ཕྱོགས་ཀྱི་པན་ཐིས་མེན་ཅི་ཞིང་ཆེན་ནས་བསྟན་དོན། ཉེ་སྔོན་ཆུ་ལོག་གི་གནོད་འཚེ་ལས་ཁམ་ཕུ་ཀྲེ་ནས་མི་སོ་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཧོང་སིན་གྱིས་ཉིན་དེར་པན་ཐིས་མེན་ཅི་ཞིང་ཆེན་ནས་གནོད་ཐེབས་ཁྱིམ་ཚང་ལ་འཚམས་འདྲིའི་དངོས་རྫས་བྱིན། ཁོས་བཤད་རྒྱུར། ཆུ་ལོག་གི་གནོད་འཚེ་ནི་ཉེ་སྔོན་པྲོག་གསར་གློ་ཚད་རིམས་ནད་ཀྱི་རྗེས་སུ་ཁམ་ཕུ་ཀྲེའི་མདུན་དུ་ལྷགས་པའི་འགྲན་རྩོད་གལ་ཆེན་གཞན་ཞིག་ཡིན་པ་དང་། ཆུ་ལོག་གི་གནོད་འཚེ་ལས་མི་སོ་བཞི་རྐྱེན་ལམ་དུ་ཤོར་ཡོད་ལ། དེའི་ནང་མི་བཅོ་བརྒྱད་པན་ཐིས་མེན་ཅི་ཞིང་ཆེན་གྱི་མི་རེད། ངས་འདི་ནས་འདས་པོར་གདུང་བ་ཆེན་པོས་མྱ་ངན་ཞུ་བ་དང་། ཁོ་ཚོའི་ཁྱིམ་མིར་འཚམས་འདྲི་ཞུས་པ་ཡིན་ཟེར། 

ཁམ་ཕུ་ཀྲེའི་རྒྱལ་ཁབ་གནོད་འཚེ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཆར་ལྡན་དུས་ཀྱི་ཆར་ཆེན་གྱི་ཁར་ཚ་ཁུལ་དྲག་རླུང་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་ལས་ཁམ་ཕུ་ཀྲེའི་ཞིང་ཆེན་དང་ཐད་ཀར་གཏོགས་གྲོང་ཁྱེར་བཅུ་དགུར་གནོད་པ་ཐེབས་པ་དང་། མི་འབུམ་གསུམ་དང་ཁྲི་གཅིག་ལྷག་ལ་གནོད་འཚེ་ཐེབས་ཡོད། ཁང་ཤར་ཁྲི་བདུན་དང་སྟོང་གསུམ་ལྷག་དང་ས་ཞིང་ཀུང་ཆིང་འབུམ་དགུ་དང་ཁྲི་དགུ་ཆུས་བསྣུབས་ཡོད། སྲིད་གཞུང་གིས་དམག་དཔུང་མངག་ནས་གནོད་འགོག་རྒུད་སྐྱོབ་དང་མང་ཚོགས་ཕྱིར་འཐེན་བྱེད་པར་རོགས་རམ་བྱས་ཏེ། མི་ཁྲི་གསུམ་དང་སྟོང་བདུན་ལྷག་བདེ་འཇགས་ཀྱི་གནས་སུ་ཕྱིར་འཐེན་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།