ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སི་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཞིབ་དཔྱོད་ཁང་གིས་ཚེས་ཉི་ཤུའི་ཉིན་བདེན་དཔང་བྱས་དོན། ཉེ་སྔོན་ཕཱ་རེ་སི་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་དམིགས་ཏེ། དབང་འཛིན་ལས་ཁུངས་ཀྱིས་གྱོད་དོན་དེར་འབྲེལ་བའི་མི་སྣ་བཅུ་དྲུག་བཀག་འཇུག་བྱས་པ་དང་། དེའི་ནང་སློབ་འབྲིང་སློབ་མ་ལྔ་འདུས། ཧྥ་རན་སིའི་སྲིད་གཞུང་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྟོག་ཞིབ་ལ་ཤུགས་སྣོན་བྱེད་བཞིན་ཡོད་པ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཆོས་ལུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་རྒྱུ་ཁས་ལེན་བྱས། 

ཕཱ་རེ་སིའི་ནུབ་བྱང་ཕྱོགས་ཀྱི་ཁུང་ཧྥུའུ་ལིང་ཧྲིན་ཨོ་ནོའུ་ལི་ནཱ་གྲོང་ཁྱེར་གྱི་སྲང་ལམ་དུ་ཚེས་བཅུ་དྲུག་ཉིན་གྲི་བཟུང་ནས་འཇབ་རྒོལ་བྱེད་པའི་དོན་རྐྱེན་བྱུང་། སློབ་འབྲིང་གི་དགེ་རྒན་ཞིག་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་མཁན་དེ་ཉེན་རྟོག་ཕྱོགས་ཀྱིས་བསད་པ་རེད། དེ་ནི་ཟླ་གཅིག་གི་རིང་ལཱ་ཕཱ་རེ་སི་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། བསྒྲགས་པ་ལྟར་ན། འཇབ་རྒོལ་མཁན་ནི་ལོ་བཅོ་བརྒྱད་ཅན་གྱི་སྐྱེས་པ་ཞིག་ཡིན་པ་དང་། དེའི་སྔོན་ནག་ཉེས་བསགས་པའི་ཟིན་ཐོ་ཡོད་ཀྱང་། ཧྥ་རན་སིའི་འཇིགས་སྐུལ་ངོ་རྒོལ་སྡེ་ཁག་གིས་ལྟ་རྟོག་བྱེད་སའི་མིང་ཐོའི་ནང་བཞག་མེད་པ་རེད། རྐྱེན་ལམ་དུ་ཤོར་བའི་དགེ་རྒན་ཕཱ་ཏིས་ཀྱིས་དེའི་སྔོན་སློབ་ཁྲིད་སྐབས་སུ་སློབ་མ་དག་ལ་ཆོས་ལུགས་དང་འབྲེལ་བའི་ཟུར་ཟའི་རི་མོ་བསྟན་མྱོང་བ་རེད། 

ད་ལོ་ནི་ཁྲ་ལི་གཟའ་འཁོར་དུས་དེབ་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ལོ་ངོ་ལྔ་འགོར་བའི་ལོ་ཡིན་ཞིང་། ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན་ཁྲ་ལི་གཟའ་འཁོར་དུས་དེབ་ཡོད་སའི་སྔོན་ཆད་ཀྱི་གནས་རྙིང་ནས་གྲི་བཟུང་ནས་འཇབ་རྒོལ་བྱེད་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གཉིས་ལ་རྨས་ཕོག ཕཱ་རེ་སི་ནས་ཟླ་ངོ་གཅིག་གི་ནང་ཆོས་ལུགས་ཐལ་སྤྱོད་སྟོབས་ཤུགས་ལ་འབྲེལ་བ་ཡོད་སྲིད་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་བས། ཧྥ་རན་སིའི་ལས་རིགས་སོ་སོ་ཧ་ལས་སུ་བཅུག་ཡོད་ཟེར། ཚེས་བཅུ་དྲུག་ཉིན་གྱི་ཡ་ང་བའི་གྱོད་དོན་བྱུང་རྗེས། ཕཱ་རེ་སི་དང་མཱ་ཨར། མཱ་སེ། ལི་ཨང་བཅས་གྲོང་ཁྱེར་གཙོ་བོ་ནས་འདུ་ཚོགས་བྱ་འགུལ་བསྡུས་ཏེ་འདས་པོར་མྱ་ངན་ཞུས། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བསྟན་དོན། ཚེས་ཉེར་གཅིག་ཉིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་མྱ་ངན་ཞུ་བའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།