ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་ཕྱི་འབྲེལ་པུའུ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལང་གི་མཚོན་ཆའི་སྐྱེལ་འདྲེན་བཀག་འགོག་རང་འགུལ་ངང་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་ཕྱི་འབྲེལ་པུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར།   མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལང་གི་མཚོན་ཆའི་སྐྱེལ་འདྲེན་ལ་བཀག་འགོག་བྱེད་པ་དེ་ཉིན་དེ་ནས་བཟུང་ཆ་རྐྱེན་ཅི་ཡང་མེད་པར་རང་འགུལ་ངང་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར།  དབྱི་ལང་གི་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ཁྲོད་དབྱི་ལང་གི་མཚོན་ཆའི་སྐྱེལ་འདྲེན་ལ་བཀག་འགོག་བྱེད་པ་མཚམས་འཇོག་པ་ནི་ཆ་རྐྱེན་གང་ཡང་མེད་པ་ཞིག་ཡིན་པས།   གྲོས་མཐུན་གསར་པ་ཞིག་དགོས་གལ་མེད་པར་མ་ཟད།   བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གསལ་བསྒྲགས་དང་བྱེད་ཐབས་གསར་པ་གཅིག་ཀྱང་སྤྱོད་དགོས་དོན་མེད་ཟེར།

གསལ་བསྒྲགས་ནང་བསྟན་དོན།  ཚེས་བཅོ་བརྒྱད་ཉིན་ནས་བཟུང་།   དབྱི་ལང་དུ་ཕྱིར་གཏོང་ནང་འདྲེན་བྱས་པའི་མཚོན་ཆའི་སྐྱེལ་འདྲེན་དང་འབྲེལ་ཡོད་བྱ་འགུལ།  དངུལ་རྩའི་ཞབས་ཞུ་བཅས་ལ་དམིགས་པའི་ཚད་བཀག་ཡོད་ཚད་དང་།   དེ་མིན་དབྱི་ལང་གི་སྤྱི་དམངས་ཁ་ཤས་དང་དམག་ཕྱོགས་ཀྱི་མི་སྣར་སྤྱོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་ཏུ་འགྲོ་བའམ་ཡང་ན་རྒྱལ་མཚམས་བརྒལ་མི་ཆོག་པའི་བཀག་རྒྱ་ཚང་མ་རང་འགུལ་ངང་མཚམས་འཇོག་རྒྱུ་ཡིན་ཟེར།

གསལ་བསྒྲགས་ནང་ད་རུང་བསྟན་དོན།   རང་སྟེང་གི་འགོག་སྲུང་དགོས་མཁོར་དམིགས་ཏེ་དབྱི་ལང་གིས་ཁྲིམས་ལུགས་ཀྱི་ཚད་བཀག་གང་ཡང་མེད་པར་དགོས་ངེས་ཀྱི་མཚོན་ཆ་དང་སྒྲིག་ཆས་ཉོ་ཆོག་པ་དང་།   རང་རྒྱལ་ཁབ་ཀྱི་སྲིད་ཇུས་ལྟར་འགོག་སྲུང་མཚོན་ཆ་ཕྱིར་གཏོང་བྱས་ཆོག་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།