ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་མ་དངུལ་འགོར་འགྱངས་བྱས་པའི་གནད་དོན་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10ཚེས14ཉིན། ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཆུང་འབྲིང་གི་མ་དངུལ་འགོར་འགྱངས་བྱས་པའི་གནད་དོན་ཐག་གཅོད་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་བདུན་པའི་ལྟ་ཞིབ་ཆེན་མོའི་ལྟ་ཞིབ་ཚན་ཆུང་བཅུ་གསུམ་པའི་ཁོངས་མི་གྲོས་ཚོགས་ལ་ཟུར་དུ་ཞུགས། 

གྲོས་ཚོགས་ནས་བསྟན་དོན། འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པའི་ཚུན་ལ། འབྲེལ་ཡོད་ཕྱོགས་སོ་སོས་ཚད་མཐོན་པོའི་མཐོང་ཆེན་དང་བྱ་བ་སྣ་ཚོགས་ལག་བསྟར་ནན་མོ་བྱས་ཏེ། གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་རེ་བ་དང་སྔར་བཞིན་བར་ཁྱད་ཅུང་ཡོད། འབྲེལ་ཡོད་ཕྱོགས་སོ་སོས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ་དང་། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་འགོར་འགྱངས་བྱས་པའི་མ་དངུལ་རྩིས་སྤྲོད་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་བདུན་པའི་ལྟ་ཞིབ་ཆེན་མོའི་བྱ་བའི་རེ་བ་དང་ཟུང་འབྲེལ་བྱས་ཏེ། འགོར་འགྱངས་བྱས་པའི་མ་དངུལ་སྐར་གང་ཡང་ཆད་ལུས་མེད་པར་སྟེར་བའི་མ་མཐའི་ཚད་དང་ཡང་བསྐྱར་འགོར་འགྱངས་མི་བྱེད་པའི་མ་མཐའི་ཚད་གཏན་སྲུང་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། འགོར་འགྱངས་བྱས་པའི་མ་དངུལ་རྩིས་སྤྲོད་བྱེད་པའི་བྱ་བ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་འཕེལ་རྒྱས་གཏན་འཇགས་ཡོང་བ་དང་། ཚོང་ར་གཙོ་བོ་སྲུང་འཛིན་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཡིད་རྟོན་མ་ལག་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་ཕྱོགས་སོ་སོས་འགན་འཁྲིའི་དངོས་འབེབ་བྱ་བ་དམ་འཛིན་བྱེད་པ་དང་། བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། མ་དངུལ་བསྡུ་གསོག་གི་ཤུགས་ཚད་ཇེ་ཆེར་བཏང་སྟེ། རྫོང་གཅིག་དང་ཁེ་ལས་གཅིག་ལ་ཐབས་ཇུས་མི་འདྲ་བའི་སྒོ་ནས་མ་དངུལ་རྩིས་སྤྲོད་བྱེད་དགོས། རྩ་བའི་དོ་དམ་ལ་ཤུགས་སྣོན་པ་དང་རིགས་སྣ་ཚོགས་ཀྱི་དངུལ་གཏོང་ལས་གཞི་ལུགས་མཐུན་གྱིས་བཀོད་སྒྲིག་བྱས་ཏེ། མ་དངུལ་འགོར་འགྱངས་བྱེད་པའི་བྱ་བ་ཡང་བསྐྱར་མི་འབྱུང་བར་འགན་སྲུང་བྱས། ནན་ཏན་གྱིས་དཔྱད་ཞིབ་དང་དུས་ལྟར་ཁེ་ལས་ཀྱི་རེ་བ་བསྐང་ནས་ཁེ་ལས་བར་བརྒལ་གྱི་དཀའ་ཁག་ལ་རོགས་རམ་གང་ལེགས་བྱེད་དགོས། ལྟ་རྟོག་འདྲི་གཅོད་ལ་ཤུགས་སྣོན་པ་དང་དུས་ལྟར་མ་དངུལ་རྩིས་སྤྲོད་བྱེད་པར་ཤུགས་བསྣན་ནས། ཐོག་མཐའ་བར་གསུམ་དུ་དོགས་ཟོན་མཐོར་འདེགས་སྒོས་མ་དངུལ་རྩིས་སྤྲོད་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། 

གྲོས་ཚོགས་མ་བསྡུས་གོང་ཝང་ལིས་མེན་གྱིས་འགོར་འགྱངས་བྱས་པའི་མ་དངུལ་རྩིས་སྤྲོད་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་མེད་པའི་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་དང་ཟི་ལིང་དམིགས་བསལ་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་འགན་ལེན་ཀུང་ཟིའི་འགན་ཁུར་བློ་མཐུན་གཙོ་བོར་ཐུག་འཕྲད་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།