ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ཚེས་བཅུ་གཉིས་ཉིན་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་ནས་ཚབ་མིང་ལ་ཐེངས་གསུམ་པའི་ཡུན་རིང་གློག་འཁྱུག་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དེ་ནི་དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་ད་ལོར་སྤེལ་བའི་དམག་དོན་སྦྱོང་བརྡར་ཐེངས་གསུམ་པ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གི་ལོ་ཧྲིལ་བོའི་དམག་དོན་སྦྱོང་བརྡར་ཇུས་གཞིའི་ཁག་ཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་མཁའ་དམག་གིF-35རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དམག་དོན་སྦྱོང་བརྡར་ལ་ཞུགས་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་ད་རུངKC-10རྟགས་ཅན་གྱི་སྣུམ་སྣོན་གནམ་གྲུའང་བཀོད་སྒྲིག་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་ཁྲོད་འཐབ་འཛིང་གནམ་གྲུ་དག་གིས་དབུས་ཤར་ས་ཁུལ་དུ་གནས་པའི་འཐབ་ཇུས་རང་བཞིན་གྱི་བར་སྣང་དང་ས་ངོས་ཀྱི་འཇིགས་ཉེན་སྣ་ཚོགས་ཐག་གཅོད་བྱེད་པའི་ཐད་ནས་སྦྱོང་བརྡར་བྱས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་དམག་དོན་སྦྱོང་བརྡར་དེ་དམིགས་བསལ་གྱི་རྣམ་པས་སྤེལ་བ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་ཨ་མེ་རི་ཁའི་མཁའ་དམག་གིས་མཉམ་ལས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་མ་འོངས་པའི་མཉམ་ལས་ཐད་རྨང་གཞི་བརྟན་པོ་བཏིང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།