ཨ་ཧྥུའུ་ཧན་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་དཔོན་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བདེན་དཔང་བྱས་དོན། རྒྱལ་ཁབ་དེའི་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་དང་ཤར་ཕྱོགས་ཀྱི་ལཱ་ཀི་མན་ཞིང་ཆེན་དུ་ཉིན་དེར་སོ་སོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་རེ་བྱུང་སྟེ། བསྡོམས་པས་མི་སེར་དཀྱུས་མ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

ཧི་ལཱ་ཐི་ཞིང་ཆེན་སྲིད་གཞུང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། དངོས་སྐྱེལ་རླངས་འཁོར་ཞིག་ཉིན་དེའི་ཉིན་གུང་ཞིང་ཆེན་དེའི་ནུབ་ཕྱོགས་ཀྱི་ཁུའུ་ཧྲི་ཅི་ཁུའུ་ཧི་ནཱ་ས་ཁུལ་ནས་འགད་རྫས་ལ་འཕྲད་དེ་རླངས་འཁོར་སྟེང་གི་མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུར་རྨས་ཕོག རྨས་མ་དག་ཧི་ལཱ་ཐི་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། གསལ་སྒྲོག་ལས་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་དྲག་ཆས་པས་འགད་རྫས་སྦས་པར་སྐྱོན་འཛུགས་བྱས་ཀྱང་། ཐཱ་ལེ་པན་ཕྱོགས་ཀྱིས་དོན་དེའི་ཐད་ནས་ལན་ཅི་ཡང་བྱིན་མེད་ཟེར། 

ལཱ་ཀི་མན་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཏའོ་ལཱ་ཐི་ཀྲ་དབྱེ་ཡིས་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བདེན་དཔང་བྱས་དོན། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། འགད་རྫས་སྒྲིག་སྦྱོར་བྱས་པའི་ཉེན་རྟོག་པའི་རླངས་འཁོར་ཞིག་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་མུས་ཐི་ལཱ་མུའུ་ཡི་སྲང་ལམ་བརྒྱུད་སྐབས་འགས་གཏོར་བྱུང་སྟེ། མི་སེར་དཀྱུས་མ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་དཀྱུས་མ་བཅུ་བཞི་དང་ཉེན་རྟོག་པ་གཅིག་ལ་རྨས་ཕོག མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།