ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཁོ་བྱང་ཕྱོགས་ཀྱི་སཱ་ཁཱ་ཐི་ཁཱ་སི་ཀྲིག་གི་བདེ་འཇགས་སྡེ་ཁག་གིས་ཚེས་བཅུ་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཀྲིག་དེའི་ཉེན་རྟོག་ཕྱོགས་ལ་ཚེས་བཅུ་གཉིས་ཉིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་ཉེན་རྟོག་ཕྱོགས་ཀྱིས་ཕྱིར་རྒོལ་ལན་སྤྲད་དེ་དྲག་ཆས་ཉེས་ཅན་བཅུ་བཞི་བསད་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། སཱ་ཁཱ་ཐི་ཁཱ་སི་ཀྲིག་གི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་ཀྲིག་དེའི་ཁཱ་ལའེ་ལཱ་གྲོང་ཁྱེར་ནས་རྒྱུན་ལྡན་གྱི་སྐོར་གཡེང་བྱེད་སྐབས། དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་བར་འཁྲུག་རྩོད་བྱུང་། ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བཅུ་བཞི་བསད་པ་དང་། རླངས་འཁོར་དང་མེ་མདའ། དུག་རྫས་སོགས་སྐོར་ཞིག་གཞུང་བཞེས་བྱས། ཉེན་རྟོག་པ་གསུམ་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཟེར། བདེ་འཇགས་སྡེ་ཁག་གིས་བསྟན་དོན། དངུལ་གཏོང་ཇེ་མང་དུ་བཏང་སྟེ་ས་དེའི་བདེ་འཇགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
དཔོན་ཕྱོགས་ཀྱི་གཞི་གྲངས་ལྟར་ན། མིག་སྔར་མའོ་ཞི་ཁོ་རྒྱལ་ཡོངས་སུ་ཤུགས་རྐྱེན་ཅུང་ཆེ་བའི་དུག་རྫས་ལྐོག་འཚོང་སྡེ་ཁག་དང་ནག་ཉེས་རྩ་འཛུགས་བཅུ་དགུ་ཡོད་པ་རེད། གཞན་ཡང་བསྒྲགས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། དུག་རྫས་ལྐོག་འཚོང་སྡེ་ཚོགས་ཀྱིས་སཱ་ཁཱ་ཐི་ཁཱ་སི་ཀྲིག་ནས་ས་ཁོངས་འཕྲོག་རྩོད་བྱས་ཏེ་ས་དེའི་བདེ་འཇགས་གནས་བབ་ཇེ་སྡུག་ཏུ་སོང་ཡོད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མའོ་ཞི་ཁོ་བྱང་ཕྱོགས་ས་ཁུལ་ནས་ཉེན་རྟོག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་བཅུ་བཞི་བསད།