ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་དག་གིས་དུས་ལྟར་ནོར་སྲིད་འོས་འགན་ལག་བསྟར་བྱས་པའི་གནས་ཚུལ་འོག་ད་གཟོད་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་ཐུབ་ཟེར།
ཀུའུ་ཐི་ལོས་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་སྲིད་འཛིན་དང་སྔོན་རྩིས་ཨུ་ཡོན་ལྷན་ཁང་ལ་ཉིས་སྟོང་ཉེར་གཅིག་ལོའི་རྒྱུན་སྲོལ་སྔོན་རྩིས་སྤྲོད་སྐབས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཡོངས་ལ་འཇིགས་ཉེན་བཟོ་བའི་གནས་ཚུལ་འོག་ཏུ། མི་ཐེར་འབུམ་འགར་སྔོན་ཆད་ཀྱི་དུས་སྐབས་གང་རུང་ལས་ཀྱང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་རམ་དང་མཛུབ་སྟོན་མཁོ་གལ་ཆེ་བར་གྱུར་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ལ་ཉིས་སྟོང་ཉེར་གཅིག་ལོར་མཁོ་བའི་གྲོན་དངུལ་སྤྱིའི་འབོར་གྲངས་ནི་མེ་སྒོར་ཐེར་འབུམ་གསུམ་དང་བྱེ་བ་བཞི་ཡིན་ཟེར། ཁོས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་དངུལ་འཁོར་རྒྱུག་རང་བཞིན་གྱི་ཉམས་ཉེན་སྔར་བཞིན་ཇེ་ཡང་དུ་སོང་མེད་པ་དང་། དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པར་བཀག་རྒྱ་ཆེན་པོ་བཟོས་ཡོད་ཟེར།
ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཉིས་སྟོང་ཉི་ཤུ་ལོའི་རྒྱུན་སྲོལ་སྔོན་རྩིས་ལ་ཆོག་མཆན་བཀོད་པ་དང་། དོན་དངོས་སུ་ཆོག་མཆན་ཐོབ་པའི་མ་དངུལ་འབོར་གྲངས་ནི་མེ་སྒོར་ཐེར་འབུམ་གསུམ་དང་བྱེ་བ་བདུན་ས་ཡ་བཞི་ཡིན་པ་རེད། ཟླ་བཅུ་བའི་ཚེས་གཉིས་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་ཁྲོད་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་ཉེར་ལྔ་ཡིས་ཉིས་སྟོང་ཉི་ཤུ་ལོའི་རྒྱུན་སྲོལ་སྔོན་རྩིས་ཀྱི་ཐོབ་སྐལ་གྲོན་དངུལ་ཁ་ཚང་སྤྲད་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་སྲོལ་སྔོན་རྩིས་དེ་རྒྱུན་ལྡན་གྱི་འཁོར་སྐྱོད་ཐད་མཁོ་བའི་དུས་རྒྱུན་རང་བཞིན་གྱི་འགྲོ་སོང་ཐད་བཀོལ་བ་རེད། རྒྱུན་སྲོལ་སྔོན་རྩིས་ཀྱི་གྲོན་དངུལ་བགོ་བཤའ་བྱེད་པའི་བསྡུར་ཚད་དེ་རྒྱལ་ཁབ་སོ་སོའི་རྩིས་སྤྲོད་ནུས་པ་གཙོར་བཟུང་ནས་གཏན་འཁེལ་བྱས་ཡོད། རྒྱུན་སྲོལ་སྔོན་རྩིས་ལས་གཞན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་ཀྱི་སྔོན་རྩིས་སྒྲིག་བཟོ་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཁོངས་གཏོགས་རྒྱལ་ཁབ་དག་གིས་དུས་ལྟར་ནོར་སྲིད་འོས་འགན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།